ནང་ཆོས་ལ་ཐོག་མའི་ལྟ་སྟངས།
དེང་སང་མི་མང་པོ་ཞིག་གིས་ཆོས་ནི་ཆོས་པའི་དགོས་མཁོ་ཞིག་དང་། ཐར་བ་སྒྲུབ་པའི་བྱེད་ཐབས་ཙམ་ཞིག ཡང་ན་ཚེ་འདི་བློས་གཏོང་གི་ལམ་ཞིག་ཏུ་མཐོང་གི་ཡོད་པ་འདྲ། དེ་འདྲའི་བསམ་བློ་དེ་རྒྱུ་མཚན་གང་ཞིག་གིས་བསྐྲུན་པ་ཡིན་ཆ་མ་འཚལ་ཡང་ལྟ་སྟངས་འདིས་རང་ཉིད་ཤེས་བྱ་གལ་ཆེན་ཞིག་ལ་འཇུག་པའི་སྒོ་ཐེམ་འགོག་བཞིན་པ་གསལ་པོ་ཡིན། ང་ཚོར་སློབ་སྦྱོང་དགོས་པ་ནང་བཞིན་ནང་ཆོས་ཀྱི་སློབ་སྦྱོང་ཡང་ངེས་པར་དུ་དགོས་པ་ཡིན། རྒྱུ་མཚན་ནི་ང་ཚོའི་ཉིན་རེའི་འཚོ་བའི་ནང་དུ་བཀོལ་སྤྱོད་བྱེད་བཞིན་པའི་ཤེས་པའི་གནད་དོན་དང་། མྱོང་སྣང་གི་འགྱུར་བ། སེམས་པའི་འཛིན་སྟངས་སོགས་གཞུང་ལུགས་སམ་སློབ་ཚན་འདིས་གསལ་སྟོན་བྱེད་ཀྱི་ཡོད།
དེས་ན་ནང་ཆོས་ཀྱི་གཞུང་ལུགས་ནི་ཆོས་པའི་སྒེར་ཆོས་ཤིག་དང་། ཚེ་བློས་གཏོང་གིས་བསམ་བློའི་འདུ་ཤེས་སྐྱེད་བྱེད་ཙམ་ཞིག་མིན་པར་འཇིག་རྟེན་གྱི་མི་ཚང་མའི་དགོས་མཁོ་སྟེ་བདེ་སྐྱིད་ཀྱི་བསམ་བློ་སྐྲུན་པའི་ཤེས་བྱ་གལ་ཆེན་ཞིག་གི་འབྱུང་ཁུངས་ཉག་གཅིག་ཡིན། ཁྱེད་ཀྱིས་ཐོག་མར་ནང་ཆོས་ལ་དད་མོས་དང་། ནང་ཆོས་ཉམས་ལེན་ལ་ཞུགས་སྐབས། ནང་ཆོས་ནི་ཚེ་ཕྱི་མ་དང་སངས་ཀྱི་གོ་འཕང་སྒྲུབ་ཐབས་ཙམ་ཞིག་དང་། ཆོས་ལུགས་ཀྱི་ལྟ་ཕྱོགས་གསར་བའི་ལྐོག་གྱུར་ཕྲ་བའི་གནས་ལུགས་ཀྱི་ཞིང་ཁམས་ཤིག་ལ་སྙེག་བཞིན་པའི་བསམ་བློ་ཁོ་ན་འཁོར་མི་རུང་། ཁྱེད་རང་ཐོག་མར་ལམ་ཁ་འདིར་ཞུགས་སྐབས་མི་ཚེའི་སྤྲོ་བ་དང་། བདེ་སྐྱིད། ཞི་བདེ་དང་བདེ་བའི་ཉམས་སྣང་། གུ་ཡངས་དང་བསམ་ཤེས་སོགས་ཀྱི་ཀླད་པ་སྒྱུར་བཟོ་བྱེད་པའི་བཟོ་གྲྭ་ཆེན་པོ་ཞིག་གི་སྒོ་ཆེན་དུ་འཛུལ་བཞིན་པའི་བསམ་པ་བཅངས་ན་ཆོག
མདོར་བསྡུས་ཏེ་བཤད་ན་ནང་བསྟན་གཞུང་ལུགས་ནི་ཐོག་བརྩེགས་ཁང་ཆེན་གྱི་ཚོང་ཁང་ཆེན་པོ་ཞིག་ཡིན། ཁྱེད་རང་ལ་སྒོར་བཅུ་གྲངས་ཀྱི་རིན་འབབ་ཀྱི་ཅ་ལག་ཉོ་རྒྱུ་ཡོད་ལ། སྒོར་ཁྲི་འབུམ་གྱི་རིན་འབབ་ཅན་གྱི་དངོས་ཟོག་ཀྱང་ཉོ་རྒྱུ་ཡོད། དེ་ནི་ཚོང་ཁང་གི་ཁྱད་པར་མིན་གྱི་རང་གི་སྒོར་མོའི་བབ་བརྩེགས་མཐུག་མིན་ལ་རག་ལས་པ་ཡིན། དེ་བཞིན་དུ་ནང་ཆོས་ཀྱི་གཞུང་དུ་ཁྱེད་ལ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཐབས་ཡོད་ལ། ཚེ་འདི་ཕྱི་བདེ་ཐབས་ཀྱང་ཡོད། མི་ཚེ་བདེ་སྐྱིད་དང་། མི་ཡ་རབས་བྱེད་ཕྱོགས། མཐའ་ན་བཟའ་ཚང་འཆམ་མཐུན་དང་། ཁྱིམ་མཚེས་མཐུན་ལམ་སྐྲུན་ཐབས་ཀྱང་ཡོད། དེ་དག་ལས་གང་ཞིག་ལག་ལེན་དུ་འགེལ་མིན་དང་གང་ཞིག་གིས་རང་ལ་ཕན་ཐོགས་ཆེན་པོ་ཡོད་མེད་ནི་རང་རང་གི་བསམ་བློ་དང་། ཀུན་སྤྱོད་ལ་རག་ལས་ཤིང་། རང་ཉིད་ཀྱིས་བདམ་གསེས་བྱེད་མིན་ལའང་ཐུག་ཡོད། ནང་ཆོས་ཀྱི་གཞུང་ནི་ཁྱེད་ལ་ལེགས་ཉེས་ཕྱེས་ནས་བླང་དོར་གྱི་ལམ་བཟང་སྟོན་པའི་སློབ་དཔོན་ཞིག་ཡིན།
ནུས་པ་དང་གྲུབ་འབྲས་ཐོབ་མིན་ནི་གཞུང་ལུགས་ཀྱིས་ལམ་སྟོན་བཞིན་རང་ཉིད་ཀྱིས་འབད་བརྩོན་བྱས་མིན་ཁོ་ན་ལ་ཐུག་ཡོད་པ་ལས་སངས་རྒྱས་ཀྱིས་ཀྱང་ཁྱེད་ཀྱི་སྡུག་བསྔལ་སེལ་མི་ཐུབ། མཐར་གཏུགས་ན་རང་ཉིད་ལེགས་ཉེས་ཀྱི་ལམ་གང་ཞིག་ཏུ་འགྲོ་རང་ཉིད་ཀྱི་བྱེད་ཕྱོགས་ཁོ་ནར་ཐུག་ཡོད། དེའི་ཕྱིར་དཀོན་མཆོག་མཁྱེན་ཟེར་བ་ཙམ་མ་ཡིན་པར་ཆོས་གཞུང་ནས་གསུང་བའི་ཉམས་ལེན་གྱི་རིམ་པ་རྣམས་རང་བློ་དང་འཚམས་པར་གང་ཐུབ་ཀྱིས་འབད་དགོས།
འདི་ཐམས་ཅད་ནི་ངས་རང་ཉིད་ནང་བ་ཞིག་ཡིན་པས་ཞེན་ཁོག་མ་ཡིན་གྱི་མི་ལོ་བཅུ་ཕྲག་རིང་སྦྱང་བརྩོན་བྱས་པའི་ཉམས་མྱོང་དང་གྲུབ་དོན་ཡིན། དེའི་བསྡོམ་ནི། (མདོ་ལས) ཐུབ་རྣམ་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་དུ་འཕོ་མིན་དེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར།། ཞེས་པ་འདི་ཡིན།
