བོད་ཀྱི་རིག་གནས་གླེང་བ།

བོད་ཀྱི་སྤྱི་སྐད་ལ་ང་རོ་གཅིག་གྱུར་གྱི་རོཌ་འདེཌ་བསྐྲུན་དགོས། 

༢༠༡༢ བོད་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐོག་ཕུལ་བའི་དཔྱད་རྩོམ།

༡༽ སྐད་ཀྱི་ངོ་བོ་དང་དེའི་མཚོན་དོན།

སྐད་ཀྱི་ངོ་བོ་ནི། མི་ཕན་ཚུན་དབར་གནས་ལུགས་གང་ཞིག་གོ་བར་བྱེད་པའི་སྐྱེ་བུའི་རྩོལ་བ་ལས་བྱུང་བའི་སྐད་བརྡ་ཞིག་ལ་བྱ་ཞིང་། ཐོག་མའི་ས་མཚམས་ནི་བརྗོད་དོན་གོ་བའི་གདངས་ཐོན་པ་ནས་སྐད་གྲུབ་པ་ཡིན་ལ། དང་ཐོག་ང་རོ་དང་དོན་གོ་བ་གཉིས་ཀྱི་གྲུབ་ཆ་ལྡན་པ་ཙམ་ཡིན་ཡང་། རིམ་གྱིས་ང་རོ་དང་། ཐ་སྙད། སྡེབ་སྦྱོར་གསུམ་གྱི་ཡན་ལག་ཚང་བ་ན་སྐད་འཚར་བསྐྱེད་ཀྱི་གྲུབ་ཆ་ཡོངས་སུ་རྫོགས་པ་སྟེ། དཔེར་ན་ཕྲུ་གུ་བཙས་པ་ནས་སྨྲ་ཤེས་དོན་གོའི་བར་གྱི་འཕེལ་རིམ་ལྟ་བུའོ། ། སྐད་ཀྱི་མཚོན་དོན་ནི་མི་རིགས་ཤིག་གི་བསམ་བློ་དང་འདུ་ཤེས་ཀྱི་ནང་དོན་ཡིན་ལ། མི་རིགས་ཀྱི་སྤོབས་པ་དང་གོམ་ཁ་ཡང་སྐད་ཆ་ཉག་གཅིག་ལ་རག་ལས་པ་མ་ཟད། མི་རིགས་ཀྱི་ཐུན་མོང་ས་ཁོངས་དང་ཐུན་མོང་རིག་གནས། ཐུན་མོང་སེམས་ཁམས་བཅས་ཀྱི་རྨང་གཞིའི་དབྱེ་མཚམས་ཀྱང་ཡིན། མི་སྒེར་སོ་སོ་འཇིག་རྟེན་འདིར་འཚོ་བར་བྱེད་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཡང་ཡིན་ཏེ། མིའི་འཚོ་བ་དང་དཔལ་ཡོན་རྣམས་ཇི་ཙམ་གོང་མཐོར་ཕྱིན་པ་དང་བསྟུན་ཐུན་མོང་སྐད་བརྡའང་ཡར་རྒྱས་ཚད་མཐོར་འགྲོ་ཡི་ཡོད་པ་རེད། ཕྱོགས་མཚུངས་ཚོ་ཁག་དང་མི་སྡེ་ཕན་ཚུན་གྱི་འབྲེལ་ལམ་ཉམས་གུད་ཕྱིན་པ་དེ་ཙམ་གྱིས་སྐད་བརྡ་ལའང་དོ་ཕོག་ཆེན་པོ་ཐེབས་ཀྱི་ཡོད། གང་ལྟར་སྐད་ཆ་ཟེར་བ་དེ་སྤྱི་ཚོགས་དར་སྤེལ་གྱི་ཆ་རྐྱེན་དང་སྤྱི་ཚོགས་ཀྱི་འཕེལ་འགྲིབ་ཀྱང་སྐད་བརྡ་ཡག་ཉེས་ཀྱི་ཆ་རྐྱེན་ཞིག་ཏུ་གྲུབ་སྟེ། ཕྱོགས་གཉིས་ཀ་ནས་ལྟོས་གྲུབ་གཞན་དབང་ཅན་གྱི་རྣམ་བཞག་ཅིག་ལ་ངོས་འཛིན་ཞུ་ཐུབ། གལ་ཏེ་གདོད་མའི་སྐད་ཆའི་སྟེང་གི་ནུས་པ་ལ་ཁ་ལོ་བསྒྱུར་བའི་ཟུངས་ཤུགས་མེད་ན། མི་རིགས་དེའི་ཀླད་པར་ཁྲག་འདྲེས་པ་དང་ཁ་སྣ་རྡོ་ཐོག་ཏུ་ཤོར་བ་དང་གཅིག་མཚུངས་ཡིན། དེས་ན་སྙིང་གི་དྲོད་ཁུག་ནས་བརྡོལ་བའི་བཀུར་སྟིའི་འདུ་ཤེས་ནི་གཙོ་བོ་ཕ་མེས་ཡང་མེས་ནས་བརྩེ་དུང་ཆགས་པའི་སྐད་བརྡ་དང་ཡི་གེ་ལ་འཇོག་དགོས་པ་ནི་བོད་ཙམ་མ་ཡིན་པའི་མི་རིགས་གཞན་གྱིས་ཀྱང་ཉམས་ལེན་བྱེད་བཞིན་ཡོད་པ་རེད།

༢༽ བོད་སྐད་དང་བོད་ཡིག་བར་གྱི་འབྲེལ་བར་བལྟ་བ།

བོད་སྐད་ཡིག་གི་འབྲེལ་བ་སྟེ། བོད་ཀྱི་ཡི་གེ་ནི་སྐད་ཀྱི་རྨང་གཞི་བྱས་ནས་བྱུང་བས་ཐོག་མར་ཡི་གེ་རྣམས་སྐད་ལ་ལྟོས་པ་དང་སྐད་ཀྱིས་ཡི་གེའི་ས་བོན་བྱས་ཏེ་ཡི་གེ་བསྐྱེད་འཚར་བྱུང་བ་ཞིག་ཡིན། ཡི་གེའི་ངོ་བོ་ནི་གཞན་དུ་མི་འགྱུར་བ་ཡིན་པས་དུས་ཚོད་རིམ་གྱིས་གྱུར་ཀྱང་ད་ལྟ་དང་མ་འོངས་པའི་ཚེ་ནའང་ཡི་གེ་སྐད་ཀྱི་མཚོན་དོན་དང་སྐད་ཀྱང་ཡི་གེ་ལ་ལྟོས་ནས་འཚོ་དགོས་པ་ཞིག་རེད། སྐྱེས་ནས་འཇིག་པ་དངོས་པོའི་ཆོས་ཉིད་ཡིན་པས་ཉེན་ཁའི་ཆ་ནས་བཤད་ན། མ་འོངས་པར་བོད་ཡིག་གིས་བོད་སྐད་སྐྱོབ་མི་ཐུབ་པའི་དུས་ཤིག་ཡོང་སྲིད་ལ། སྐབས་དེ་དུས་བོད་ཡིག་བོད་སྐད་ཀྱི་མཚོན་རྟགས་ལྟ་བུ་ཤོག་སྟེང་དུ་ཤུལ་ལུས་རང་བཞིན་དུ་གནས་རྒྱུ་ཡིན་པ་རེད། ངའི་མཐོང་ཚུལ་ལ་ལྷ་རྗེ་དང་གསོལ་སྨན་བར་གྱི་འབྲེལ་བ་ནི་བོད་སྐད་དང་བོད་ཡིག་བར་གྱི་འབྲེལ་བའི་དཔེ་དབྱིབས་སུ་འོས་པ་སྟེ། སྨན་པས་སྨན་བཟོ་བ་དང་སྨན་གྱིས་སྨན་པ་འཚོ་བ་བཞིན་བོད་ཀྱི་སྐད་དང་ཡི་གེ་གཉིས་གཅིག་སྐྱེ་བའི་རྒྱུ་དང་གཅིག་འཚོ་བའི་རྟེན་ཡིན་པ་ཤེས་ཐུབ་ཀྱི་འདུག མི་རིགས་གཞན་ལ་རིགས་མཚུངས་སྦྱོར་མིན་ཇི་ལྟར་ཡང་སྐད་དང་ཡི་གེའི་བར་གྱི་འབྲེལ་བ་ནི་སྐད་འཕེལ་རིམ་དང་ཆགས་འཇིག་གི་སྲོག་རྩ་ཡིན་ལ། ཚེ་སྲོག་དེའི་གཞི་རྩ་ནི་གཙོ་བོ་ཡིག་ཐོག་ཏུ་གནས་ཡོད་པ་རེད། ད་ལྟའི་བར་བོད་ཀྱི་ཡི་གེ་དང་སྐད་བརྡ་འཕེལ་རྒྱས་ཚད་མཐོར་ཕྱིན་པ་ལ་བརྟེན་ནས་ཆོས་སྲིད་གཉིས་ཀའི་ཐོག་མདོ་དབུས་ཁམས་གསུམ་གྱིས་བེད་སྤྱོད་གཏོང་ཐུབ་པའི་སྤྱི་སྐད་ཅིག་ཏུ་གྱུར་ཡོད། བོད་ཀྱི་ཡུལ་ལུང་སོ་སོ་དང་རོང་འབྲོག་སོགས་ཀྱི་དབར་སྐད་གདངས་མི་འདྲ་བ་ཉུང་ཟད་ཡོད་ཀྱང་། བོད་སྐད་དང་བོད་ཡིག་ཐོག་གི་སྐད་ཆ་ནི། བོད་རྩམ་ཟན་ཐམས་ཅད་ཀྱིས་ཐུན་མོང་དུ་སྤྱོད་བཞིན་པ་ཡིན། འོན་ཀྱང་ཆོལ་ཁ་དང་ཡུལ་ལུང་སོ་སོའི་ཐུན་མིན་ཡུལ་སྐད་རྣམས་བོད་སྐད་ཡིན་པའི་སྒྲུབ་བྱེད་གསུམ་ཡོད་ལ། གཅིག་ནི། སྐད་རང་སྟེང་གི་སེམས་ཁམས་གསོན་ཤུགས་ཀྱི་ནུས་པ་དེ་མི་རིགས་སུ་དང་འབྲེལ་ཆེ་མིན་དེ་ལ་བལྟ་དགོས་པ་ཡིན། གཉིས་ནི། ཁྱིམ་མཚེས་མི་རིགས་ཚུན་ཆད་ནས་བརྩིས་པས་སྐད་ཀྱི་སྦྱོར་རིམ་བོད་སྐད་དང་གཅིག་པས་ཆ་ནས་བོད་སྐད་ཡིན་པར་སྒྲུབ་ཐུབ་ལ། དཔེར་ན་མི་ཉག་ལོག་སྐད་དང་རྒྱལ་རོང་ལོག་སྐད། རྟའུ་ལོག་སྐད་ཟེར་བ་སོགས་རྣམ་པ་མི་འདྲ་བའི་སྐད་རིགས་མང་པོ་ཡོད་པ་དེ་ཐམས་ཅད་ལ་བོད་སྐད་ཀྱི་སྦྱོར་རིམ་ལྡན་པ་སྟེ། དཔེར་ན། ཇ་འཐུང་། ཁང་པ་ཆེན་པོ། རྟ་དཀར་པོ། ཟེར་བ་སོགས་ཀྱི་རིམ་པ་ལྡན་པ་མ་གཏོགས། “འཐུང་ཇ་” “ཆེན་པོ་ཁང་པ” “དཀར་པོ་རྟ་” ཟེར་བ་སོགས་སྐད་རིགས་གཞན་ཀྱི་བརྗོད་རིམ་ལྟར་མེད་པ་འདིས་ཤེས་ཐུབ། གསུམ་ནི། མྱི་དང་། གྱོ། འགྱོ། ཨ་ན་མ་ན། ཨེ་ལོ། ཨེ་ཉན། ལ་སོགས་པ་སྐད་གསར་བཅད་ཀྱི་སྐབས་སུ་བསྡུས་པ་དང་ཡུལ་སྐད་ཀྱི་ངོ་བོར་གྱུར་པ་ལས། དེང་དུས་བཀོལ་སྤྱོད་བྱེད་མིན་ཇི་ལྟར་ཡང་བོད་སྐད་རྙིང་པ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་བོད་སྐད་ཡིན་པར་ངོ་སྤྲོད་རྒྱུ་ཙམ་ཡིན། དེ་འབྲེལ་གྱི་དྲི་བ་ཡང་སྐད་གསར་བཅད་སྔ་རྗེས་ཀྱི་ཐ་སྙད་རྣམས་ངོ་མ་འཕྲོད་པའི་གནད་དོན་ཞིག་ཡིན་པ་རེད།

༣༽ བོད་སྐད་ཀྱི་བྱུང་རིམ་དང་དེའི་བར་ཆད་སྐོར་གླེང་བ་།

བོད་ཀྱི་སྐད་ཆ་ནི་ཆེས་གནའ་བོའི་སྐད་རིགས་ཤིག་དང་། སྤྱི་ལོའི་སྔོན་གྱི་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་གོང་དུ་བོད་སྐད་རིག་པ་དང་མིང་ཚིག་དང་ཐ་སྙད་རིག་པ་རྣམས་རང་འོས་རང་འགྲིག་ཅིག་བྱུང་ཡོད། འོན་ཀྱང་བརྡ་སྤྲོད་རིག་པའི་གཞུང་ལུགས་ཆ་ཚང་བ་ནི་སྤྱི་ལོའི་དུས་རབས་བདུན་པར་ཐོན་མི་སམ་བྷོ་ཊས་རྒྱ་གར་གྱི་སྒྲ་གཞུང་ལ་དཔེར་བྱས་ནས་བོད་ཀྱི་བརྡ་སྤྲོད་ཤེས་བྱ་རྣམས་གཞུང་ལུགས་སུ་བཀོད་ཐུབ་པ་བྱུང་། བོད་སྟོད་སྨད་བར་གསུམ་གྱི་ཡུལ་མིས་གོ་བའི་ཁྱད་ཆོས་ལྡན་པའི་སྐད་དེ་བོད་ཀྱི་སྤྱི་སྐད་ཡིན་པ་དང་། བོད་ཡིག་གི་རྨང་གཞི་བྱས་པའི་སྐད་དེར་མདོ་དབུས་ཁམས་གསུམ་གྱིས་གོ་བའི་ཁྱད་ཆོས་ལྡན་ཡོད་ཅིང་། རེ་འགས་བོད་ཀྱི་ཡིག་ཐོག་གི་སྐད་དེ་བོད་ཀྱི་སྤྱི་སྐད་ཡིན་ཞེས་བདེན་གཏམ་ཡང་བཤད། ཁ་ཤས་ཀྱིས་བསྟན་པ་གང་དུ་དར་བ་ན་ཡི་གེ་ཤིན་ཏུ་དག་པ་བྱུང་ཞིང་བསྟན་པ་འཕང་དམའ་རུ་སོང་བ་ན་ཡི་གེ་ཡང་ཅལ་ཅོལ་འགྲོ་བའི་བསམ་ཚུལ་འདོན་ངེས་ཚོར་ངེས་པར་ཡི་རངས་ཞུ་དགོས་པ་ཞིག་རེད།  བོད་ཀྱི་སྤྱི་སྐད་གྲ་རྒྱས་ལྷུ་འགྲིག་ཅིག་གནས་མ་ཐུབ་པ་ནི། ཡི་གེའི་སྒྲ་དབྱུང་ཚུལ་དང་། མགོ་འདོགས། ཐ་སྙད། ཚིག་ཕྲད་བཅས་ཀྱི་སྒྲ་གདངས་ལ་ཡུལ་ལུང་སོ་སོར་བར་ཁྱད་ཆེན་པོ་ཞིག་ཤོར་བས་གནད་ཀྱིས་ཡིན་ཏེ།

དང་པོ། ཡི་གེའི་སྒྲ་དབྱུང་ཚུལ་ལ་གསལ་བྱེད་ཀློག་པའི་སྐབས་སུ། ཨ་མདོ་བས། གསལ་བྱེད་སྡེ་པ་དང་པོའི་”ཀ་ དང་”ག་” གཉིས་གདངས་གཅིག་ཏུ་ཀློག་པ། ”དེ་གཉིས་དབྱེ་བ་འབྱེད་ཕྱིར་ཀ་ཁ་ཕྱེ་དང་ག་ཁ་ཟུམ་ཞེས་འབོད་སྲོལ་ཡོད།” དེ་བཞིན་སྡེ་པ་གཉིས་པའི་”ཅ་” དང་”ཇ་” གཉིས། སྡེ་པ་གསུམ་པའི་”ཏ་” དང་”ད་” གཉིས། “དེ་གཉིས་དབྱེ་བ་འབྱེད་ཕྱིར་ཏ་སྒུར་དང་ད་རྐྱང་ཟེར” སྡེ་པ་བཞི་པའི་པ་དང་བ་གཉིས་ང་རོ་གཅིག་ཏུ་འདོན་པ། ” དེ་གཉིས་དབྱེ་བ་འབྱེད་ཕྱིར་པ་ཁ་ཕྱེ་དང་བ་ཁ་ཟུམ་ཟེར།” སྡེ་པ་དྲུག་པའི་”འ་” དང་སྡེ་པ་ཕྱེད་ཀྱི་”ཨ་” གཉིས་གདངས་གཅིག་ཏུ་ཀློག་སྟེ་སོ་སོར་ཤེས་ཆེད་ཨ་ཆེན་དང་འ་ཆུང་ཡང་ཟེར། ཁམས་ཀྱིས་ཡི་གེ་དེ་དག་གི་”ཨ་” དང་”འ་” གཉིས་མ་གཏོགས་གཞན་རྣམས་ཀྱི་སྐད་གདངས་མ་འདྲེས་པར་གསལ་པོར་ཐོན་ཐུབ། འོན་ཀྱང་མདོ་ཁམས་གཉིས་ཀྱི་འབྲོག་པས་སྡེ་པ་བཞི་པའི་”བ་” དང་སྡེ་པ་ལྔ་པའི་”ཝ་” གཉིས་ཀྱི་གདངས་གཅིག་པ་ཡིན། མདོ་ཁམས་གཉིས་ཀས་སྡེ་པ་བདུན་པའི་”ཤ་” ཡི་གདངས་དང་དབུས་གཙང་གིས་”ཤ་” ཡིག་གི་གདངས་འདོན་སྟངས་གཉིས་རྦད་དེ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་དང་། སྡེ་པ་དྲུག་པའི་ཟ་དང་སྡེ་པ་བདུན་པའི་ས་གཉིས་ཀློག་ཚུལ་གྱི་ཐོག་ལ་བོད་སྟོད་སྨད་བར་གསུམ་གཅིག་མཚུངས་མིན་པ་བཅས་ཀཱ་ལི་ཡི་ང་རོ་དབྱུང་ཚུལ་གྱི་ཐད་ནས་ཀྱང་ཁྱད་པར་ཆེན་པོ་ཤོར་ཡོད།

གཉིས་པ། མགོ་འདོགས་ཀྱི་སྐབས་སུ་དབུས་གཙང་གིས་བ་ལ་འདོགས་ཅན་ཡ་སྦྱར་བས་”བྱ་” ལ་གསལ་བྱེད་ཇ་ཡི་སྒྲ་འདོན་པ་དང་། ཕ་ལ་འདོགས་ཅན་ཡ་སྦྱར་བས་”ཕྱ་” ལ་གསལ་བྱེད་ཆ། པ་ལ་འདོགས་ཅན་ཡ་སྦྱར་བས་”པྱ་” ལ་གསལ་བྱེད་ཅ་ཡི་སྒྲ་འདོན་གྱི་ཡོད། མདོ་ཁམས་གཉིས་ཀྱིས་”བྱ་” དང་”ཕྱ་” གཉིས་ལ་དབུས་གཙང་གིས་གསལ་བྱེད་སྡེ་པ་བདུན་པའི་གསལ་བྱེད་”ཤ་” ཡི་གདངས་འདོན་སྟངས་དང་གཅིག་མཚུངས་ཡིན། ལྷག་པར་ཁམས་ཀྱི་ཡུལ་ལུང་ཕལ་ཆེ་བས་པྱ་ལའང་གདངས་དེ་ལྟར་འདོན་པ་མ་ཟད། གསལ་བྱེད་ཀ་ལ་འདོགས་ཅན་ཡ་སྦྱར་བས་”ཀྱ་” ལ་གསལ་བྱེད་ཅ་ཡི་གདངས་དང་། ཁ་ལ་ཡ་སྦྱར་བས་”ཁྱ་” ལ་གསལ་བྱེད་ཆ། ག་ལ་ཡ་སྦྱར་བས་”གྱ་” ལ་གསལ་བྱེད་ཇ་ཡི་གདངས་ཐོན་གྱི་ཡོད་པ་རེད། ཨམ་སྐད་ལ། “སྒྲ” “དྲ” “དགྲ” “བྲ” “སྦྲ” “འདྲ” “སྐྲ” “དཀྲ”  བཅས་ཀྱི་གདངས་རྣམས་རྩ་བ་ནས་མ་འདྲེས་པར་བརྗོད་ཐུབ་པའི་ཁྱད་ཆོས་ངོམ་ཆོག་པ་ཞིག་ཡོད་ཚོད་འདུག

གསུམ་པ། ཐ་སྙད་ཀྱི་སྐབས་སུ། ཁམས་ཀྱི་སྐད་གདངས་ནང་རྗེས་འཇུག་”ང་” ཡོད་པའི་མིང་བརྡ་རྣམས་བརྗོད་པའི་ཚེ་ན་རོ་སྟེ། དབྱངས་བཞི་པའི་སྒྲ་འདོན་པ། དཔེར་ན། ཁང་པ་ལ་ཁོང་པ་དང་། དབང་པོ་ལ་དབོང་པོ། དོ་སྣང་ལ་དོ་སྣོང་། ནང་ལོག་ལ་ནོང་ལོག་སོགས་ཀྱི་གདངས་ཐོན་པ་ཧ་ཅང་མང་བ་དང་། མཆུ་ཡི་སྐྱེས་གནས་ཅན་”བ་མ་” གཉིས་གང་རུང་གི་རྗེས་འཇུག་ཡོད་པའི་མིང་ཚིག་ཕལ་ཆེ་བ་མཆུ་ཡི་སྐྱེས་གནས་མེད་པར་འདོན་པ་སྟེ། སྣམ་བུ། ཐབས་ལམ། རྒྱལ་པོའི་ཁབ། ཐབ་ཚང་སོགས་མཆུ་ཡིས་ལས་ཀ་མི་བྱེད་པར་བརྗོད་པ་ལྟ་བུ་རེད། དབུས་གཙང་གི་སྐད་གདངས་ནང་གྲངས་ཀའི་ཉི་ཤུ་རྩ་བཞི་དང་། སུམ་ཅུ་སོ་བཞི། བཞི་བཅུ་ཞི་བཞི། མིང་གི་རྒྱུ་མཚན། གྲུ་བཞི་སོགས་ཀློག་པའི་ཚེ་ཚེག་བར་ཕྱི་མའི་སྔོན་འཇུག་”མ་དང་བ་” གཉིས། ཚེག་བར་དང་པོའི་རྗེས་འཇུག་གི་ཚུལ་ལྟ་བུ་ཀློག་སྟེ། “སུམ་ཅུ་སོབ་ཞི”། “རྒྱུམ་མཚན”། “གྲུབ་ཞི”། ཞེས་པ་སོགས་ཀྱི་གདངས་བཏོན་ནས་ཀློག་གིན་ཡོད་པ་རེད། གསུང་རབ་དང་བརྡ་གཞུང་གི་སྤྱི་སྐད་ལྟ་བུར་གྱུར་ཟིན་པའི་སྟོང་པ་དང་། ཐར་པ། ནང་པ། རྒྱལ་པོ་སོགས་ལ་མདོ་ཁམས་གཉིས་ཀྱི་འབྲོག་པས་རང་གོམས་སུ་སོང་བའི་ཁ་གདངས་ངོ་མ་ཐོན་བཅུག་སྟེ། “སྟོང་བ”། “ཐར་བ”། “ནང་བ”། “རྒྱལ་བོ་” སོགས་ཡིག་ཐོག་ཏུའང་ཕབ་ཀྱིན་འདུག གཙང་པ་རྣམས་སྲས་པོ་ལ་ཧྲས་འོ་ཟེར་བ་དང་། དབུས་གཙང་ཚང་མས་མིག་ལ་སྨིག་ཟེར་བ་སོགས་སྒྲ་མ་དག་པ་མང་པོ་འདུག་ལ། སྐད་རིགས་གཞན་ནས་བླངས་པའི་ཐ་སྙད་ཁ་སྐད་དུ་ཡོངས་གྲགས་ལྟ་བུ་གྱུར་པ། རླངས་འཁོར་ལ་ཨ་མདོ་བས་རྒྱ་སྐད་ལྟར་”ཆི་ཁྲེ” ཟེར་བ་དང་། དབུས་གཙང་གཉིས་ཀྱིས་དབྱིན་ཇིའི་སྐད་བཞིན་”མོ་ཊ་” ཟེར་བ་དང་། ཁམས་སྐད་དུ་རྒྱ་གར་བའི་སྐད་འདྲེས་ཏེ་”སྒ་རིལ་”ཟེར་བ་དང་། དེ་བཞིན་གློག་འཕྲིན་ལ་ཁམས་པ་དང་ཨ་མདོ་བས་རྒྱའི་སྐད་ལྟར་“ཏེན་པོ” ཟེར་བ་དང་།     དབུས་གཙང་བས་རྒྱ་གར་སྐད་གཞིན”ཏར་”ཟེར་བ་ལྟ་བུ་སོགས་བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་དུ་གྲགས་པ་དེ་དག་གི་དབར་མིང་འདོགས་ལུགས་སམ་ཐ་སྙད་ཀྱི་འབྱུང་ཁུངས་གཏན་ནས་མི་འདྲ་བ་བརྒྱ་ཆ་ཉུང་ཉུང་མིན། སྐད་ཟུར་ཆག་མང་པོར་གྱུར་པ་དང་ཁ་གྱེས་པས་དབང་གིས་སྐད་དང་ཡི་གེའི་མཚོན་བྱ་མཚོན་བྱེད་ཀྱི་འབྲེལ་བར་ཉམས་ཉེས་ཆེན་པོ་ཐེབས་ཏེ། མཐར་གོ་བརྡ་མི་འཕྲོད་པའི་མཚམས་སུ་སླེབས་ཀྱིན་ཡོད་པ་རེད།

བཞི་པ། ཚིག་ཕྲད་ཀྱི་སྐབས་སུ། སློབ་དཔོན་ཐོན་མིའི་ཡིག་སྲོལ་གྱི་མཚམས་ལས་བརྒལ་ཏེ་ཕྲད་གཞན་དབང་ཅན་གྱི་ཨི་ལྡན་གྱི་ནང་ཚན་ ”གི་” སྒྲའི་ཕྲད་དེ་རྗེས་འཇུག་ ”ག་ང་” ཡི་རྗེས་སུ་ངེས་པ་ཡིན་ཡང་དེང་སང་རེ་འགས། “ལྟ་གི་འདུག” “འགྲོ་གི་ཡིན”། “གོ་གི་མི་འདུག” ཟེར་བ་སོགས་རྗེས་འཇུག་ལ་མ་ལྟོས་པར་འབྲི་ཀློག་བྱས་པ་དང་། ཨི་ལྡན་གྱི་ “ཡི་” སྒྲ་མཐའ་མེད་ལ་རང་འཐོབ་ལྟར་མི་འབྲི་བ་སོགས་དང་། ང་འགྲོ་དང་། ཁྱེད་རང་བཞུགས། ཁོང་ཕྱིན་པ་རེད་ཟེར་བ་སོགས་ལ། དོན་མེད་ཨི་ལྡན་གྱི་ཕྲད་བེད་སྤྱད་དེ། “ངས་འགྲོ”། “ཁྱེད་རང་གིས་བཞུགས”། “ཁོང་གིས་ཕྱིན་པ་རེད”། ཟེར་བ་སོགས་མི་ཤེས་པའམ་ཤེས་བཞིན་དུ་ཡིག་ཁྲིམས་གཏོར་བཤིག་གཏོང་མཁན་ཡོད། ཡང་། ལྷག་པར་ལ་”ལྷག་པར་དུ་” དང་། རྣམ་པར་ལ་”རྣམ་པར་དུ་”སོགས་སྦྱར་ཏེ། དཔེར་ན། ངེས་པར། རང་དགར། ཐད་ཀར། ཉེ་བར། ཕལ་ཆེར། རྒྱུན་པར། འཕྲལ་མར། གང་དགར། སོགས་ཀྱི་མཐར་ར་ཡིག་སྦྱར་འདུག་ཅིང་། མིང་འདི་རིགས་ཀྱི་མིང་མཐའི་ར་སྒྲ་ནི་ལ་དོན་གྱི་ཕྲད་དང་ཚིག་སྡུད་ཡིན་པས། དེའི་རྗེས་སུ་ལ་དོན་གྱི་ཕྲད་གཞན་ཞིག་ཡང་བསྐྱར་ཕྱི་བརྩེགས་བརྒྱབ་པ་སོགས་མ་དག་པ་ཉིན་རེ་ནས་ཉིན་རེར་ཇེ་མང་དུ་འགྲོ་ཡི་ཡོད་པ་རེད། གནའ་ནས་ད་བར་འགྱུར་བ་ཕྱིན་ཏེ་དེང་སང་བོད་མཐའ་དབུས་ཕལ་ཆེར་ལ་རང་སྐད་དང་ཡིག་ཀློག་གཉིས་ཀར་སྒྲ་དག་པོ་མི་འབྱུང་བ་དང་། སྡེབ་སྦྱོར་ནི་ཡི་གེ་འབྲི་བའི་སྐབས་ཡིན་ཞིང་ཀློག་ཚུལ་ཡིག་སྦྱོར་དང་བསྟུན་དགོས་མོད། ཡིག་སྡེབ་ཇི་བཞིན་གྱི་སྒྲ་ཟུར་ཐོན་པ་ཞིག་སུས་ཀྱང་ཡོང་དཀའོ་སྙམ་པ་དང་བོད་སྐད་ལ་ཀློག་ཚུལ་དག་པ་ཞིག་མེད་དོ་ཞེས་སྐུར་འདེབས་བྱ་བ་ནི་ཆེས་མི་རིགས་པའོ། བརྗོད་དོན་ཇི་སྙེད་པ་རྣམས་བརྡ་ཚིག་གིས་ལེགས་པར་མཚོན་ཞིང་གསལ་བར་བརྗོད་པ་ལ་ཡི་གེ་སོ་སོའི་སྐྱེ་གནས་དང་འབྲེལ་བའི་ཚིག་གི་ང་རོ་དབྱུང་སྟངས་ལ་རག་ལས་པས་གདངས་གཅིག་གྱུར་ལ་ནུས་ཤུགས་ཆེན་པོས་སྒོ་ནས་བོད་ཀྱི་མ་སྐད་ལ་དུང་ཞེན་བྱ་དགོས་པ་ཡིན།

༤༽ བོད་ཀྱི་སྤྱི་སྐད་ངོས་འཛིན་དང་། དེ་ཡར་རྒྱས་གཏོང་ཕྱོཌ་ཀྱི་འཆར་སྣང་།

དང་པོ། བོད་སྐད་ནི་བོད་ཀྱི་མ་སྐད་ཡིན་ལ། བོད་ཀྱི་སྤྱི་སྐད་དང་ཆོལ་གསུམ་གཅིག་གྱུར་གྱི་སྐད་ཀྱང་ཡིན། མི་འགའ་རེས་སྲིད་འབྱོར་རིག་གསུམ་གྱི་ལྟེ་བར་བྱས་པའི་ས་གནས་དེའི་ཡུལ་སྐད་ལ་སྤྱི་སྐད་དུ་བྱ་དགོས་པའི་སྣང་ཚུལ་དང་། ཡང་། ངེས་པར་དུ་ས་ཁུལ་གང་ཞིག་གི་ཡུལ་སྐད་སྤྱི་སྐད་དུ་བྱ་དགོས་པའམ་ངེས་པར་སྤྱི་སྐད་ཅིག་གཏན་འབེབས་དགོས་པའི་བསམ་འཆར་འདོན་མཁན་ཇི་སྙེད་ཅིག་ཡོད་ཀྱང་། མི་གྲངས་ཉུང་བའི་བོད་པའི་ཁོར་ཡུག་འདིར་དེ་ལྟ་བུའི་རི་བོང་བཅལ་འདྲོགས་ཀྱིས་ལྷིང་འཇགས་དཀྲོག་དོན་ཅང་མི་འདུག་སྙམ། འོན་ཀྱང་སྐད་ཡར་རྒྱས་དང་རྒྱུན་འཛིན་བྱེད་ཕྱོགས་ཀྱི་གླེང་མོལ་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག དེ་འབྲེལ་གྱི་ལས་གཞི་འདྲ་མིན་ལའང་བསམ་བློ་ནན་པོ་གཏོང་དགོས་ཀྱི་འདུག མི་རིགས་ཀྱི་མཚོན་དོན་བླ་ན་མེད་པ་དང་ཁྱད་ཆོས་འབུར་དུ་ཐོན་པ་ནི་མི་རིགས་དེའི་སྐད་ཆ་ཡིན་ལ། དེ་ཉམས་ཉེ་སུ་གྱུར་ན་སྐད་བརྡ་དེས་འཛིན་པའི་གཅིག་གྱུར་གྱི་འདུ་ཤེས་ཡས་འགྲོ་བ་དང་། དེ་ལ་བརྟེན་པའི་མི་རིགས་ཀྱི་དཔལ་ཡོན་ཡོངས་རྫོགས་ཉམས་ཉེ་དང་རིམ་གྱིས་རྩ་མེད་དུ་འགྲོ་ངེས་ཡིན། གཅིག་ནི། ཕ་རོལ་པོ་བོད་ཡིག་མི་ཤེས་མཁན་གྱི་བོད་པ་ཞིག་ཡིན་ཡང་། ཁོའི་རྣ་བར་བོད་ཡིག་ཤོག་ལྷེ་གཅིག་ཆ་ཚང་བཀླག་ན་དེའི་བརྒྱ་ཆ་བརྒྱ་ནས་ཉི་ཤུ་མི་གོ་མཁན་ཕལ་ཆེར་ཉུང་ཉུང་རེད། གཉིས་ནི། བོད་ཡིག་ཤེས་མིན་ལ་མ་ལྟོས་པར་དབུས་སྐད་རྩ་བ་ནས་གོ་མ་མྱོང་བའི་མདོ་ཁམས་གཉིས་ཀྱི་ཡུལ་མི་ཞིག་གིས། དབུས་སྐད་ཐོག་གི་སྐད་ཆ་སྐར་མ་བཅུའི་རིང་ཉན་ན། དེའི་བརྒྱ་ཆ་བརྒྱ་ནས་བཅོ་ལྔ་མི་གོ་མཁན་ཕལ་ཆེར་མེད་པ་ལྟ་བུ་རེད། དེ་གཉིས་ཀྱི་ཐོག་ནས་བོད་སྐད་དང་ཡིག་སྐད་གཉིས་ལ་བོད་སྤྱི་སྐད་ཀྱི་ཁྱད་ཆོས་ཚད་མཐོ་པོ་ཡོད་པར་མཐོང་ཐུབ་ཀྱི་འདུག ཡུལ་དུས་ཀྱི་འགྱུར་བ་ཆེ་ཆེར་ཕྱིན་པའི་རྗེས་སུ་བོད་རིགས་ཐམས་ཅད་ཀྱིས་གོ་བའི་ཁྱད་ནོར་ཞིག་མཐོང་རྒྱུ་ཡོད་པ། དེའི་སྟེང་ནས་བོད་ཡིག་གི་རྨང་གཞིའི་བོད་སྐད་དེ་བོད་ཀྱི་སྤྱི་སྐད་ཡིན་པ་སྙོན་མེད་དུ་བསྒྲུབ་ཐུབ་པ་ཞིག་རེད། བོད་སྤྱི་སྐད་ལ་ཡང་ང་རོ་དང་། མིང་། སྦྱོར་བ་གསུམ་སྟེ། དེའི་གྲུབ་ཆ་གཙོ་བོ་ནི་ཐ་སྙད་ཡིན་པ་དང་། བོད་ཀྱི་མ་སྐད་དར་སྤེལ་གྱི་ཡན་ལག་གཙོ་བོ་ནི། སྤྱི་ཚོགས་དང་དངོས་པོ། དུས་ཚོད་བཅས་ཀྱི་འཕེལ་འགྱུར་དང་དོ་མཉམ་པའི་མིང་བརྡ་གསར་པ་སྒྲུབ་རྒྱུ་དེ་ཡིན། བོད་སྤྱི་སྐད་ཀྱི་ཟུངས་ཤུགས་སྤེལ་བའི་ཐབས་ལ་སྒོ་གང་ས་ནས་བརྩོན་པ་དང་། དུས་མཚུངས་སུ་མི་རིགས་གཞན་གྱི་ཐ་སྙད་ཟུར་གོམས་སུ་མི་ཤོར་བ་བྱ་རྒྱུ་དང་། དངོས་པོ་གཅིག་ལ་མིང་བརྡ་དུ་མ་ཆགས་ཀྱང་ཡོངས་ཁྱབ་ལྟ་བུ་བྱ་ཐུབ་པ་དགོས། དཔེར་ན་བོད་དུ་མངོན་བརྗོད་རིག་པའི་ནང་དངོས་པོ་གཅིག་ལ་མིང་གི་རྣམ་གྲངས་མང་པོ་ཡོད་པ་ལྟ་བུ་རེད།  བདག་ཉིད་ཆེན་པོ་སློབ་དཔོན་ཐོན་མིའི་སློབ་གསོའི་གྲིབ་བསིལ་གྱི་འོག་ནས་འཆད་རྩོད་རྩོམ་གསུམ་གྱི་ཁྱབ་ཁོངས་གང་ལ་ཞུགས་ཀྱང་དོན་གྱི་ངོ་གདོང་ལྷང་ངེར་འདོན་ཐུབ་པའི་སྐད་གདངས་དག་པར་སྨྲ་དགོས་ཤིང་། གུ་དོག་པའི་མཁས་བླུན་བར་མ་ཕལ་མོ་ཆེ་ཡིས་བོད་ཀྱི་སྤྱི་སྐད་སྤྱོད་འབྲི་སྤེལ་གསུམ་གྱི་ཁོར་ཡུག་ཆེན་པོ་མེད་པ་ཤེས་བཞིན་དུ། ས་ཁུག་གི་སྐད་གདངས་སྤྱད་དེ། ཚགས་པར་དང་དུས་དེབ། གཏམ་རྒྱུད་དང་བརྩམས་སྒྲུང་། གཏམ་དཔེ་དང་གཞས་ཚིག གཏམ་བཤད་དང་གླུ་ཤགས་སོགས་ལ། རྩོམ་པ་པོ་རང་ཉིད་ལ་གོམས་ཆགས་སུ་སོང་བའི་ཟུར་ཆག་དང་ཕལ་ཚིག མི་རིགས་གཞན་གྱི་སྐད་ཡིག་མཉམ་བསྲེས་བྱེད་པ་ནི། བོད་ཀྱི་སྤྱི་སྐད་ལ་སྟ་རེ་ཇི་ཙམ་གཞུས་ཀྱང་ཡ་མི་ང་བའི་གཏེ་པོ་ཁྱུ་ཞིག་གི་ལས་སྟངས་ཡིན། ཆོལ་ཁ་གསུམ་དང་ཡུལ་ལུང་སོ་སོར་དོན་དངོས་གོ་བརྡ་མི་འཕྲོད་པའི་རྒྱུ་རྐྱེན་གཙོ་བོ་ནི། ཐ་སྙད་དང་བརྡ་གཞུང་གི་ཉེས་སྐྱོན་མིན་ལ། སྐད་གདངས་ཀྱིས་དབང་གིས་ཡིན་ཏེ། ང་རོའི་རྣམ་འགྱུར་དང་དོན་གྱི་གོ་བརྡ་གཉིས་ལྟོས་གྲུབ་ཡིན་པས། མིང་ཚིག་བརྗོད་པ་ཀུན་གྱི་གཞིར་གྱུར་པའི་ཡི་གེ་རེ་རེ་བའི་སྐྱེས་གནས་དང་ང་རོ་དབྱུང་ཚུལ་སོགས་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་ཚེ། མིང་དོན་གཉིས་ཀྱི་དབར་ལྷུ་མི་འགྲིག་པའི་ཧེ་བག་ཆེན་པོ་ཞིག་ཡོང་གི་ཡོད། གཉིས་པ། སྤྱི་སྐད་ཡར་རྒྱས་གཏོང་ཕྱོགས་ཐད། ང་རོ་རྣམས་ལ་སྦྱང་དགོས་པ་ནི་ང་ཚོས་ཐོག་མར་ཉམས་སུ་ལེན་དགོས་པའི་དོན་གནད་ཅིག་ཡིན་པར་སློབ་དཔོན་ཐོན་མི་རང་ཉིད་ཀྱི་ཡི་གེའི་སློབ་གསོའི་ཞལ་གདམས་སུ་གསལ་ཡོད། ཐོན་མིའི་སྒྲ་གཞུང་དང་མཐུན་པའི་གཞི་གདངས་ཚད་མར་བཟུང་ཏེ་ཡི་གེའི་སྐྱེས་གནས་ཡན་ཆད་ཀྱི་སློབ་གཞི་སློབ་གྲྭ་དང་དགོན་སྡེ་ཙམ་མིན་པའི་གཞི་རིམ་སྤྱི་ཚོགས་ནང་རྒྱུག་ཐུབ་པ་བྱ་དགོས། སྡེབ་དག་བརྗོད་གཙང་ཡོང་སླད་བོད་སྐད་ཀྱི་ཁྱད་ཆོས་དང་འགལ་བའི་ཟུར་ཆག་དང་བརྡ་འཁྱམ་རིགས་སྒྲིག་འཛུགས་ཀྱིས་བཀག་འགོག་བྱ་བ་དང་། ཡུལ་ལུང་སོ་སོར་ས་སྐྱེས་རྡོ་སྐྱེས་ཀྱི་གཉུག་མར་གནས་པ་རྣམས་ལ་རང་གོམས་སུ་སོང་བའི་ཐུན་མོང་མ་ཡིན་པའི་ཐ་སྙད་རྣམས། འཚོལ་ཞིབ་ལེགས་སྒྲིག་འཐུས་ཚང་ངང་ཡོངས་ཁྱབ་རང་བཞིན་གྱི་ཚིག་མཛོད་དང་བརྒྱུད་ལམ་ཁག་ཏུ་དྲིལ་བསྒྲགས་གཏོང་དགོས། མིང་བརྡ་ནི་སྐད་ཆ་འགྲུབ་བྱེད་ཀྱི་མ་གནས་གལ་ཆེན་ཞིག་ཡིན་པས་དུས་རབས་ཀྱི་རྗེས་ཟིན་པའི་ཐ་སྙད་གསར་པ་ཆར་ཤུལ་གྱི་སྤངས་ལ་ཤ་མོ་བརྡོལ་བ་བཞིན་བསྐྲུན་ཆེད། ཡིག་བསྒྱུར་དང་བརྡ་ཆད་སྤེལ་སྒྲོག་རྩ་འཛུགས་བསླང་དགོས་པ་དང་། དེ་ཡང་ཁྲིམས་སྒྲིག་གི་འོག་ནས་འགྲོ་ལུགས་ཡོད་པ་ཞིག་བྱ་དགོས། དཔེར་ན་སྔ་མོ། ལོ་ཙཱ་བྱེད་པའི་རྩ་དོན་ཡང་། དཀར་ཆག་ཆེན་མོ་《ལྡན་དཀར་མ་》དང་《མཆིམས་ཕུ་དཀར་ཆག་》《འཕངས་ཐང་མའི་དཀར་ཆག》ཅེས་གསུམ་གཏན་ལ་ཕབ་ཡོད་པ་དེ་འདྲ་ཞིག་ཡིན་གཤིས། སྔོན་ཆད་བཙན་པོའི་སྐབས་ནས་ཡིག་སྒྱུར་གྱི་ལྟེ་གནས་ཆེན་པོ་གསུམ་”ལྷ་ས”། “བསམ་ཡས”། “ཏུན་ཧོང་”། གསུམ་དུ་བཙུགས་པ་བཞིན། གཏན་འཁེལ་བྱས་པའི་ཡུལ་གྲུ་གང་ཞིག་ཏུ་ཆེད་གཉེར་མཁས་པ་གདན་དྲངས་ནས། ལས་དོན་ཐོག་གྲ་རྒྱས་ལྷུ་འགྲིག་དང་གཅིག་གྱུར་རང་བཞིན་གྱི་མིང་བརྡ་གསར་བཟོ་དང་ཆབས་ཅིག ཐུན་མིན་ཡུལ་སྐད་ཚིག་མཛོད་ཀྱི་འགྲེམས་སྒོ་ཆེ་རུ་བཏང་སྟེ། གཏོར་རྒོལ་བའི་ཕྱོགས་ནས་བོད་མི་ནང་ཁུལ་ཁ་བྲལ་གྱི་ལས་འགུལ་དང་སྤྱི་ནོར་རང་བཞིན་གྱི་རིག་གཞུང་སིལ་བུར་གཏོང་ཐབས་ཀྱི་བྱུས་ངན་བཤམ་མིན་ཇི་ལྟར་ཡང་། བོད་ནང་དུ་ལྷ་སའི་ཁ་སྐད་ཚིག་མཛོད་དང་། ཁམས་སྐད་ཚིག་མཛོད། ཨམ་སྐད་ཚིག་མཛོད། རྒྱལ་རོང་སྐད་ཀྱི་ཚིག་མཛོད་སོགས་ཡུལ་སྐད་ཚིག་མཛོད་མི་ཉུང་བ་ཞིག་པར་དུ་བཏབ་ནས་ཀུན་གྱི་སྤྱན་ལམ་དུ་འགྲེམ་བཞིན་པ་ལྟར། བོད་ཀྱི་མ་སྐད་ལ་གཡས་སྐྱོར་གཡོན་སྐྱོར་གྱི་མཐུན་རྐྱེན་སྦྱར་བ་དང་མུ་མཐུད་ནས་དེ་ལྟ་བུའི་ཚིག་མཛོད་གཡས་བརྩེགས་གཡོན་བརྩེགས་ཀྱིས་རི་རྒྱལ་ལྷུན་པོ་ལྟ་བུའི་མིང་ཚིག་གི་བང་མཛོད་ཅིག་བསྐྲུན་རྗེས། ད་བཟོད་དེའི་གསེབ་ནས་རེ་ཞིག་བག་ལ་ཞ་བའི་བོད་ཁ་བ་ཅན་གྱི་སྤྱི་སྐད་ཆེན་མོ་འོད་དུང་དུང་ངང་ལྷང་ངེར་ཐོན་འོང་། བོད་རྒྱ་ཚིག་མཛོད་ཆེན་མོ་ལྟ་བུའི་ཚིག་མཛོད་དང་ཐུན་མོང་སྤྱི་སྐད་ལ་མཐུན་རྐྱེན་སྦྱར་ཐུབ་པའི་རྩོམ་རིགས། བོད་སྐད་ཡར་རྒྱས་ཀྱི་ཕྱོགས་སུ་རོགས་འདེགས་ཞུ་ཐུབ་པའི་གཏམ་བཤད་དང་སྒྱུ་རྩལ་ཁ་ཤགས། མཉམ་གླེང་དང་ནང་མོལ་སོགས་ཀྱི་འཆར་གཞི་བྱ་དགོས། གལ་ཏེ་དངོས་པོ་གསར་པའི་ཐ་སྙད་རྣམས་དུས་ཐོག་ཏུ་བསྐྲུན་མ་ཐུབ་ཚེ་དེ་དང་འབྲེལ་བའི་ལས་ཀ་ཐམས་ཅད་རང་བཞིན་གྱིས་རྗེས་ལུས་ཐེབས་རྒྱུ་ཡིན་པ་རེད།

༥༽ བོད་སྐད་འཕེལ་འགྲིབ་ཀྱི་རྒྱུ་རྐྱེན་དང་ཆགས་འཇིག་གི་ཉེན་ཁ།

སྐད་ཆ་འཕེལ་འགྲིབ་གཉིས་ལས། སྐད་ཀྱི་འཕེལ་རིམ་རྒྱུ་རྐྱེན་ནི། ཐ་སྙད་སྤྱོད་འབྲི་སྦྱོང་གསུམ་ལ་དོ་སྣང་སྤེལ་བ་དང་ཐ་སྙད་གསར་པས་དུས་རབས་ཀྱི་རྗེས་ཟིན་པ། སྐད་རིགས་གཞན་གྱི་ལེགས་ཆས་བོད་སྐད་ཕྱུག་པོར་བསྒྱུར་བ། རྒྱུན་སྤྱོད་ཐ་སྙད་ཀྱི་གོ་སར་མངོན་བརྗོད་ཐ་སྙད་ཀྱིས་གནོད་ཤུགས་མི་ཐེབས་པ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་མིང་ཚིག་བརྗོད་པ་གསུམ་གྱི་གོ་རིམ་ལ་སྐད་བརྡ་གཞན་གྱིས་བར་ཆད་དང་མཉམ་བསྲེས་མི་གཏོང་བ། གཅིག་གྱུར་རང་བཞིན་གྱི་བོད་སྐད་དེ་གཅིག་གྱུར་ཡིན་པར་ངོ་སྤྲོད་པ་དང་སྐད་དང་སྐད་གདངས་བར་གྱི་དབྱེ་བ་གསལ་པོོ་བཟོ་བ། སྐད་གཅིག་གྱུར་གྱི་ནུས་པ་བེད་སྤྱད་ནས་ཁ་སྐད་དང་ཡིག་སྐད། ཡུལ་སྐད་གསུམ་གཅིག་གྱུར་གྱི་ཕྱོགས་སུ་གོམ་པ་འདེགས་འཇོག་བྱ་རྒྱུ་དེ་ཡིན། སྐད་འགྲིབ་རིམ་གྱི་རྒྱུ་རྐྱེན་ནི། སྐད་མི་གཅིག་པའི་སྤྱི་ཚོགས་མཉམ་བསྲེས་བྱེད་པ་དང་ཤེས་རིག་སྲིད་བྱུས་དང་དགེ་རྒན་ཡང་མ་དག་པ། རང་ངོས་ནས་རང་སྐད་དང་རང་སྐད་ཀྱི་སློབ་དཔོན་ལ་མཐོང་མི་འཇོག་པ། སྐད་བརྡའི་སློབ་ཚུགས་གཞི་རྒྱ་ཆུང་བ་དང་ཟུར་ཆག་ཀྱི་སྐད་ཆ་ངན་གོམས་སུ་ཤོར་བ།  ལུག་མགོ་བསྟན་ནས་ཁྱི་ཤ་བཙོངས་པ་ལྟར་ཡུལ་ལུང་སོ་སོའི་སྐད་གདངས་མི་གཅིག་པ་དང་བརྗོད་ཚུལ་དོ་མི་སྙོམས་པའི་རྒྱུ་མཚན་བསྟན་ནས་སྐད་ཆ་མི་གཅིག་པའི་འགྲེལ་བཤད་ལོག་པ་བརྒྱབ་སྟེ། གཅིག་གྱུར་རང་བཞིན་གྱི་སྐད་ཆའི་བླ་སྲོག་ལྟ་བུའི་ཐུན་མོང་གི་མཚུངས་ཆོས་རྣམས་ཉམས་དམས་སུ་གཏོང་བ། དེ་ཡིས་དབང་གིས་བོད་ནང་ཁུལ་གྱི་ཡུལ་ལུང་རྣམས་ལ་སྐད་མི་གཅིག་པའི་སྣང་ཚུལ་སྤེལ་བ་དང་དེ་ལ་བརྟེན་ནས་བོད་ཀྱི་ཡུལ་ལུང་སོ་སོའི་སྐད་རྣམས་རྦད་དེ་མི་གཅིག་པའི་སེམས་ཁམས་ཀྱི་འཇིག་རྟེན་ཆེན་པོ་ཞིག་བསྐྲུན་སྲིད་པ་དང་། སྐབས་དེ་དུས་བོད་སྐད་གཙང་མའི་དར་ཆ་འཕྲོག་རེས་དང་ཕྱོགས་ཞེན་འཐེན་འཁྱེར་གྱི་སྟོབས་ཤུགས་དེས་བོད་སྐད་ཡོངས་སུ་འཇུག་སྒྲིལ་ངེས་ཡིན་པ་དང་བོད་སྐད་འགྲིབ་རིམ་གྱི་ཐ་མའང་དེ་ཡིན་པ་རེད།  དུས་རབས་འདི་བརྡ་འཕྲིན་དུས་རབས་སུ་གྲགས་ཀྱང་སྐད་ཀྱི་འཇིག་པའི་རྒྱུ་རྐྱེན་མང་དུ་འགྲོ་བ་དང་སྐད་ཆ་ཉུང་དུ་འགྲོ་བཞིན་ཡོད་པ་རེད། དཔེར་ན། ལོ་རྒྱུས་ནང་སྔོན་གྱི་དུས་སུ་ཨ་མི་རི་ཀ་བྱང་མའི་ནང་སྐད་རིགས་མི་འདྲ་བ་༡༠༠༠ ཙམ་ཡོད་ཀྱང་དེང་སང་སྐད་རིགས་བཅུ་གྲངས་ལས་མེད།  མཉམ་འབྲེལ་རྒྱལ་ཚོགས་སུ་མི་རིགས་སོ་སོའི་སྐད་ཆ་ཐོ་འགོད་བྱས་པ་༦༩༠༠ ཙམ་ཞིག་ཡོད་ཀྱང་། དུས་རབས་ཉི་ཤུ་པའི་ནང་རྒྱུན་ཆད་པའི་སྐད་རིགས་ཀྱི་གྲངས་འབོར་ནི་༢༤༠ ཙམ་ཡིན། དུས་རབས་ཉེར་གཅིག་པའི་ནང་ཉེན་ཁ་མེད་པའི་སྐད་བརྒྱད་ཡོད་པའི་ནང་དུ་བོད་སྐད་ཚུད་མེད། རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ (UNESCO) ཀྱིས་ཕྱི་ལོ་ ༢༠༠༩ ལོར་འཛམ་གླིང་གི་སྐད་རིགས་༢༥༡༡ རྒྱུན་ཆད་ཉེན་ཁ་ལྡན་པའི་ཁོངས་སུ་བསྒྲགས་ཡོད། ལོ་༢༥༠ རྗེས་སུ་མི་རྣམས་ཀྱིས་དབྱིན་ཇི་དང་། ཧྥ་རན་སི། རྒྱ་ནག སི་ཕེན། ཕོར་ཐུ་གྷལ་གྱི་སྐད་སོགས་ཉུང་ཤས་ཤིག་ལས་སྐད་གཞན་རྣམས་མི་ཤེས་པར་འགྱུར་ཞེས་ཚོད་དཔག་ཀྱང་བྱས། ང་ཚོས་ཞིབ་ཚ་པོའི་ཐོག་ནས་དཔལ་འབྱོར་དང་། ཚོང་ལས། ཚན་རིག འཕྲོད་བསྟེན། འཛིན་སྐྱོང་། ཆབ་སྲིད་བཅས་ཀྱི་ཐད་ནས་བོད་སྐད་ལ་རྒྱབ་སྐྱོར་ཇི་ཙམ་ཡོད་མེད་ཤེས་དགོས། ད་ལྟ་བོད་སྐད་ཀྱི་འཁོར་རྒྱུག་ནི་གཞི་རིམ་མང་ཚོགས་དང་དགོན་སྡེ་ཁག་ཙམ་རེད། མི་རིགས་རང་ངོས་ནས་རང་སྐད་ལ་མཐོང་མེད་པ་ནི་སྐད་ཆ་དེའི་སྲོག་རྩའི་ཕུ་ཐག་རིང་པོ་མེད་པའི་སྔོན་བརྡ་ཞིག་ཡིན། བོད་ཕྱི་ནང་གཉིས་སུ་བོད་རིགས་ལས་བྱེད་པ་ལ་སྐད་གཉིས་སྨྲ་བའི་ཆ་རྐྱེན་ཚང་དགོས་པ་ནི་ཧ་ཅང་ཚབས་ཆེ་བ་དང་འཛམ་གླིང་ཐོག་བོད་དོན་དེ་ཆེས་སྡུག་ཚད་ལས་བརྒལ་ཡོད་པའི་མཚོན་རྟགས་ཤིག་ཡིན། མཐོ་རིམ་པས་སྤྱི་ཚོགས་ཧྲིལ་པོ་སྣེ་འཁྲིད་ཀྱི་ཡོད་ལ། མཐོ་རིམ་པའི་དཔུང་སྡེ་ནང་བོད་སྐད་བོད་ཡིག་ལ་བརྩི་འཇོག་ཇེ་ཞན་ནས་ཇེ་སྡུག་ཏུ་ཕྱིན་པ་འདི། རང་མི་རིགས་ལ་ཁ་ཞེ་གཉིས་མེད་ཀྱི་གཅེས་སེམས་ཡོད་མཁན་ཚོར་སྡོད་མི་ཚུགས་པའི་ན་ཚ་ཞིག་ཏུ་གྱུར་ཡོད། སྐད་ཡིག་རྒྱུན་འཛིན་གྱི་ཐད་ནས་མཁྲེགས་འཛིན་དགོས་ལ་རང་ཚུགས་ཀྱང་བརྟན་དགོས་པ་ཡིན། ཕྱོགས་གཉིས་ཀྱི་གཅིག་ཡར་འདྲེན་པ་དང་གཅིག་མར་འཐེན་པ་ནི་མི་རིགས་རིང་ལུགས་ཀྱི་ལྟ་བའི་གཞི་རྐང་ཡིན་པས། མི་རིགས་ལ་དགའ་ཞེན། མི་རིགས་ལ་གཅེས་སེམས། མི་རིགས་ཀྱི་ཆེད་དུ་འགན་འཁྲི་ལེན་པ་སོགས་དང་མི་རིགས་རིང་ལུགས་གཉིས་རྦད་དེ་མི་འདྲ་ཞིག་རེད། རིག་གནས་མཁྲེགས་འཛིན་རིང་ལུགས་ནི་རྒྱུ་དག་ཅན་གྱི་རྒྱུན་ལྡན་བསམ་པའི་ཁྱེར་སོ་ཞིག་ཡིན། འདི་ལ་བསྟོད་པའི་ཡར་སྣེ་ལས་སྨད་པའི་མར་སྣེ་ཐུང་བ་ཡོད་ཅིང་། རྒྱལ་སྤྱིའི་ལྟ་ཚུལ་ནང་རིག་གནས་ལ་བཟང་ངན་གྱི་དབྱེ་བ་ཕྱེ་ཡོད་ཀྱང་སྔོན་ཐོན་དང་རྗེས་ལུས་ཀྱི་དབྱེ་བ་བྱས་མེད་པ་འདྲ། ལྷག་པར་རིག་གནས་གསར་བརྗེ་ནས་ཆོས་ལུགས་དང་རིག་གནས་ཀྱི་དཀྱིལ་སྙིང་དོར་འགོ་བཙུགས་པ་དང་འདུ་ཤེས་འཛིན་སྟངས་ཧྲིལ་པོ་དོར་བའི་འདུ་ཤེས་ནང་ཐིམ་པ་རེད། རྒྱ་རིགས་ཤིག་གིས་ངའི་མི་རིགས་ལ་ནུས་པ་མེད། ང་འདི་ལ་བརྩེ་ཞེན་མེད། ངའི་སྐད་ཆ་དང་ཡི་གེ་དོར་ན་ཆོག་ཟེར། གཞན་ཞིག་གིས། རྒྱ་ཡི་རིག་གནས་འདི་རྩ་རྫོགས་མ་བྱས་ན་ང་ཤི་ཡང་བློ་མི་བདེ། འཛམ་གླིང་གི་སྤྱི་སྐད་མ་བཤད་ན་འཛམ་གླིང་གི་མིའི་རྗེས་མི་ཟིན། ཞེས་སྲོལ་རྒྱུན་རིག་གནས་མར་འཐེན་པ་དང་མེད་པར་བཟོ་བའི་ལྟ་བ་དེ་སྔོན་ཐོན་གྱི་ལྟ་བ་ཡིན་མདོག་བྱས་ཏེ་སྒེར་དོན་སྐབས་འཚོལ་བའང་བྱུང་འདུག འཛམ་གླིང་སྟེང་སྔོན་ཐོན་པ་དང་ཆེད་ཞིབ་པས་གཙོ་བོ་འཛུགས་བསྐྲུན་གྱི་ཕྱོགས་སུ་ཁ་མིག་ཡར་བལྟ་དང་དཔེ་དབྱིབས་སྒྲུབ་པ་མ་གཏོགས། མར་འཐེན་པ་དང་མེད་པར་བཟོས་པ་ལ་ཡོན་ཏན་དང་ཁྱད་ཆོས་སུ་བལྟ་མཁན་ཉུང་ཉུང་ཡིན།  ང་ཚོས་ངེས་པར་ཤེས་དགོས་པ་ནི། འཛུགས་བསྐྲུན་ལས་གཏོར་བཤིག་བྱ་སླ་བས་བོད་མི་རིགས་འདི་ཉིད་ཡར་འཐེན་པ་ལས་མར་འདྲུད་པའི་གོ་སྐབས་མང་བ་དང་ལས་སླ་བ་ཡིན། དེར་བརྟེན་བོད་ཀྱི་གནས་བབ་ཉག་ཕྲ་ཐ་ཞན་ལ་ཚོད་རྩིས་དང་ཕྱི་ནང་ཁ་ཁོག་བརྗེ་བར་ཡིད་མི་སུན་པའི་མི་ཞན་རེ་ཟུང་གིས། བོད་ཀྱི་རིག་གནས་ལའང་སྡང་ཟུག་ཆེན་པོས་གཏོར་ཕམ་གཏོང་བའི་ཉན་ཁ་ཡོད་པའི་གནད་དོན་རྣམས་སེམས་གཏིང་ནས་བརྗེད་མི་རུང་།

༦༽ བོད་ཀྱི་སྤྱི་སྐད་དང་འབྲེལ་བའི་བསམ་ཚུལ་འགར་ལན་འདེབས།

ཁ་ཅིག ད་ལྟའི་བོད་སྤྱི་ཚོགས་སྔོན་ཐོན་མི་རིགས་གཞན་དག་ལས་རྗེས་ལུས་ཡིན་པའི་རྒྱུ་རྐྱེན་ཕྱོགས་ཡོངས་ནས་འཚོལ་ཞིབ་དང་འབྲེལ། བོད་ཁམས་ཡོངས་ཀྱིས་གོ་ཐུབ་པའི་ཚད་ལྡན་སྤྱི་སྐད་ཅིག་གཏན་ལ་འབེབས་རྒྱུ་ནི་བཅོས་མིན་སྙིང་ནས་བརྡོལ་བའི་རིས་མེད་སྤྱི་ཕན་གྱི་གཏམ་འབའ་ཞིག་གོ་ཟེར། རྒྱབ་ལྗོངས་དང་ནུས་པ་གཉིས་ཀ་གཏོར་རྒོལ་བའི་དབང་འོག་ཏུ་ཡོད་ཐོག  བོད་ཀྱི་ད་ཡོད་སྤྱི་སྐད་ཁས་མི་ལེན་པ་དང་སྤྱི་སྐད་དགོས་པའི་རྣམ་འགྱུར་ལྡན་པའི་བསམ་ཚུལ་བཏོན་པ་རེད། དེ་ནི་མདའ་མོ་འཕེན་འདོད་མིན་པར་གཞུ་མོ་གཅོག་འདོད་ཀྱི་དཔེ་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཡར་སྔོན་ནས་ཡོད་པའི་ཁྱད་ཆོས་ལྡན་པའི་བོད་ཀྱི་སྤྱི་སྐད་ལ་ཁྱད་གསོད་དང་སེམས་ངན་འཆང་བའི་ཐོག་ནས་རྩ་མེད་ཤུལ་མེད་བྱ་རྒྱུའི་བྱུས་ངན་བཤམས་པ་རེད། མི་རིགས་གཞན་གྱི་སྐད་ཡིག་ལ་བརྟེན་ནས་དོན་དངོས་ཡར་རྒྱས་སུ་སོང་བའི་མི་རིགས་ཤིག་འཇིག་རྟེན་འདིར་བྱུང་མ་མྱོང་ཞིང་བོད་ཀྱི་སྐད་ཆ་དང་ཡི་གེ་བརྗེ་ཉམས་ཤོར་བ་ཐམས་ཅད་གཏོར་རྒོལ་བའི་བཙན་ཤུགས་ཀྱི་འབྲས་བུ་ཡིན་པ་ང་ཚོར་གསལ་གསལ་རྗེན་རྗེན་ཡིན། དེ་གཅིག་ཡིན། གཉིས་ནི་སྐད་ཀྱི་མཚོན་དོན་ནི་མི་རིགས་ཤིག་གི་བསམ་བློ་དང་འདུ་ཤེས་ཀྱི་ནང་དོན་ཡིན་ལ། མི་རིགས་ཀྱི་སྤོབས་པ་དང་གོམ་ཁ་ཡང་སྐད་ཆ་ཉག་གཅིག་ལ་རག་ལས་པ་མ་ཟད། མི་རིགས་ཀྱི་ཐུན་མོང་ས་ཁོངས་དང་ཐུན་མོང་རིག་གནས། ཐུན་མོང་སེམས་ཁམས་བཅས་ཀྱི་རྨང་གཞིའི་དབྱེ་མཚམས་ཀྱང་ཡིན། ཞེས་ངས་གོང་དུ་བཤད་པ་ལྟར་ལོ་རྒྱུས་ཐོག་གི་རྒྱལ་ཁབ་ཀྱི་མཚོན་རྟགས་ཨང་དང་པོ་ཡང་དེ་ཡིན་པས། དགྲ་གཉེན་ཕྱོགས་གཉིས་ཀས་འཐེན་འཁྱེར་བྱ་སའི་མ་གནས་དེར་མི་རབས་གསར་རྙིང་གཉིས་ཀ་ལ་ཚོར་བ་དང་འདུ་ཤེས་ཁྱོན་ཡོངས་སུ་དར་སྤེལ་གཏོང་དགོས་ཀྱི་འདུག

ཁ་ཅིག ཡུལ་སྐད་ཆེན་པོ་གསུམ་ལས་ཨ་མདོའི་ཡུལ་སྐད་ཀྱི་རྨང་གཞིའི་སྟེང་འབྲོག་པའི་སྐད་གདངས་ཚད་གཞིར་འཛིན་དགོས་པར་འདོད་དེ། ཟེར། ཨམ་མདོ་དང་འབྲོག་པ་མིན་མཁན་གྱིས་བོད་མི་བརྒྱ་ཆ་དགུ་བཅུས་ཨམ་སྐད་དང་འབྲོག་སྐད་ཀྱི་ལེགས་ཆ་ཡོངས་རྫོགས་མཐོང་མི་ཐུབ་ཅིང་། དོན་དངོས་ཅི་ཡིན་རུང་ཨམ་མདོ་དང་འབྲོག་པའི་ངོས་ནས་སྐད་ཆ་དེ་འདྲ་ཞིག་བཤད་ན་ཕྱོགས་གཞན་པའི་ངོས་ནས་ཚོར་སྣང་ཅི་ཞིག་བསྐྲུན་མིན་ཐད་བསམ་བློ་གཏོང་མི་དགོས་པ་ཞིག་ཡིན། བོད་པའི་ནང་བོད་སྐད་མི་ཤེས་མཁན་མང་དུ་འགྲོ་གཞིའི་རྟོག་འཆར་དེ་ནི་ཀུན་སློང་ཡག་ཉེས་ཇི་ལྟར་ཡང་མི་རྣམས་ཀྱིས་བོད་སྤྱི་སྐད་སིལ་བུར་གཏོང་བའི་བསམ་བློ་ཞིག་ཏུ་ངོས་འཛིན་བྱ་ངེས་རེད།

ཁ་ཅིག འབྲོག་སྐད་དེ་བོད་སྤྱི་སྐད་ཀྱི་རྨང་གཞིར་འཇོག་དགོས་ཏེ། སྔོན་གྱི་སྲོལ་ལུགས་མ་འགྱུར་བར་གནས་པ་ནི་འབྲོག་སྡེ་ཁག་རྣམས་ཡིན་ནོ་ཟེར། གཞི་རྩའི་ཆ་ནས་བོད་ལ་སྤྱི་སྐད་ཡོད་བཞིན་པར་སྤྱི་སྐད་གསར་པ་ཞིག་བཟོ་བའི་དགོངས་ཚུལ་ལ་མོས་མཐུན་རྩ་བ་ནས་མེད། སྔོན་གྱི་སྲོལ་ལུགས་མ་འགྱུར་བར་གནས་པ་འབྲོག་སྡེ་ཁག་ཡིན་དུ་ཆུག་ཀྱང་། བོད་སྤྱི་སྐད་གསར་པ་བསྐྲུན་ཐབས་བྱེད་པའམ་སྤྱི་སྐད་ཡར་རྒྱས་ཀྱི་ཕྱོགས་གང་ནས་བསམ་ཡང་བོད་ཀྱི་ལུགས་སྲོལ་མི་ཉམས་གོང་འཕེལ་གཏོང་བ་དེས་སྐད་ཆ་རྙིང་པ་དང་སྐད་གདངས་རྙིང་པར་ཉམས་གསོ་ཙམ་ལས། དེ་ནི་སྐད་གདངས་གཅིག་གྱུར་དང་དུས་ཚོད་ཀྱི་རྗེས་ཟིན་པའི་ཐ་སྙད་ཕྱུག་འཕེལ་ཡོང་རྒྱུར་ཕ་རི་ཚུལ་རི་ལྟ་བུའི་ཐོ་མི་ཐུག་པའི་སྣང་ཚུལ་རྒྱ་ཡན་དུ་ཤོར་བ་ཞིག་ཡིན་པས། སྤྱི་སྐད་དར་སྤེལ་དང་སྤྱི་སྐད་གསར་བཟོ་བྱ་བར་ལམ་སྟོན་མི་ཐུབ་པ་མ་ཟད། ལྡོག་ཕྱོགས་ནས་གནོད་ཤུགས་ཐེབས་སྲིད་པ་ཞིག་རེད།

ཁ་ཅིག བོད་ཀྱི་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་བོད་ལ་སྤྱི་སྐད་ཅིག་རིམ་གྱིས་བྱུང་ཡོད་ཟེར། ལྟ་ཚུལ་དེས་ཁོ་རང་ཉིད་ལ་སྲོང་བཙན་སྒམ་པོའི་གོང་དུ་བོད་ལ་ཐུན་མོང་བའི་སྐད་ཅིག་ཡོད་པར་ཁས་མི་ལེན་པ་གསལ་པོར་མཚོན་ཐུབ། ཞིབ་ཏུ་བསམ་ན་བོད་ཡིག་གི་རྨང་གཞིའི་སྐད་དེ་ཐོག་མར་བོད་དབུས་ཁུལ་གྱི་སྐད་ཡིན་ལ། འཕེལ་རྒྱས་ཇི་ཙམ་ཕྱིན་ཡང་སྐད་དེ་ཁྱབ་ཁོངས་སུ་གཏོགས་པའི་བོད་སྐད་རང་ཉིད་ལ་བོད་སྤྱི་སྐད་ཀྱི་ཁྱད་ཆོས་ཤིག་མེད་ན། ཡུལ་གནས་དུས་གསུམ་གང་གི་ཆ་ནས་བསྟོད་མངའ་རིས་ནས་སྨད་མདོ་ཁམས་སྒང་དྲུག་གི་བར་ཡོངས་ཁྱབ་རང་བཞིན་གྱི་བརྡ་སྤྲོད་གོ་གནས་ནམ་ཡང་བཟུང་མི་ཐུབ། བོད་ཀྱི་བརྡ་སྤྲོད་ཕལ་མོ་ཆེའི་ནང་བོད་ཀྱི་སྐད་དང་མཐུན་པའི་ཡི་གེ་གཏན་ལ་ཕབ་ཅེས་གསུངས་པ་མ་གཏོགས། དབུས་སྐད་དང་མཐུན་པའི་བོད་ཡིག་གཏན་ལ་ཕབ་ཅེས་རྩ་བ་ནས་གསུངས་མེད། ཐོན་མིའི་གོང་དུ་བོད་སྐད་ཡོད་པ་དང་བོད་ཀྱི་སྤྱི་སྐད་ཀྱང་ཡོད་པར་ཚོད་དཔག་བྱ་ཐུབ་ལ། དེ་ལ་བརྟེན་ནས་བོད་ཡིག་བཟོས་པ་དངོས་ཡོད་རེད། ཐོན་མི་རང་ཉིད་བོད་དབུས་ལྷོ་གཉལ་ནས་ཡིན་པ་དང་དགུང་ལོ་བཅོ་ལྔའི་ཐོག་རྒྱ་གར་དུ་ཕེབས་པ་སོགས་སུ་དཔྱད་ཚེ། ལོ་བཅོ་ལྔའི་ནང་མདོ་དབུས་ཁམས་གསུམ་གྱི་སྐད་ལ་དེ་ཙམ་གྱི་ཞིབ་འཇུག་བྱ་ལོང་མེད་ལ། རྒྱ་གར་ནས་བོད་དུ་ཕེབས་ཏེ་ཡུན་རིང་མ་སོང་བར་བོད་ཡིག་མཛད་པ་རེད། འདི་ནས་གནད་དོན་གཉིས་མཐོང་ཐུབ་སྟེ། གཅིག་ནི། བོད་ཡིག་གི་གཞི་བཅོལ་སའི་སྐད་ངོ་མ། ཐོན་མི་རང་ཉིད་ཀྱི་སྐུ་ཚེ་རིང་གོམས་པ་ཆེས་ཤོས་ཀྱི་སྐད་ནི་དབུས་སྐད་ཡིན་པ་དང་དབུས་སྐད་ཀྱིས་ཀྱང་བོད་ཡིག་གི་གཞི་རྩ་ཆེན་པོ་ཞིག་བཟུང་ཡོད་པར་དཔོག་ཐུབ་ཅིང་། གཉིས་ནི། གནས་དུས་བརྡ་འཕྲིན་སོགས་གང་གི་ཆ་ནས་གཞི་འཛིན་གྱི་སྐད་དེ་ལའང་བོད་སྤྱི་སྐད་ཀྱི་ཟུངས་ཤུགས་ཤིག་མེད་ན། མདོ་དབུས་ཁམས་གསུམ་གྱི་རེ་འདོད་སྐོང་ཐུབ་པའི་སྤྱི་སྐད་ཅིག་ཏུ་འགྱུར་མི་ཐུབ་ལ། མདོ་ཁམས་གཉིས་ཀྱིས་ཀྱང་ཡི་གེ་དེ་ལ་ཕུགས་འཕེར་བབ་བསྟུན་དང་ཁ་མཉམ་ཁོག་མཉམ་གྱིས་བེད་སྤྱོད་བྱ་མི་ནུས་པ་ཞིག་ཡིན།

ཁ་ཅིག ལྷ་སའི་སྐད་དེ་བོད་ཀྱི་ཡིག་སྲོལ་ལྟར་ཇི་བཞིན་འདོན་པའི་སྲོལ་ལས་བརྗོད་གང་བདེའི་ཕྱོགས་སུ་ཕྱིན་ཡོད་ཅེས་ཁ་ཤོམ་བཤད། དེ་ནི་ངན་གོམས་ངོམ་སོ་བྱེད་པ་སྟེ། དབུས་སྐད་ནང་སྔོན་རྗེས་དང་བརྩེགས་མའི་སྒྲ་སོགས་རིམ་གྱིས་མེད་པར་གྱུར་པ་རྣམས་ལེགས་ཆར་བརྩིས་འདུག་པས། འཛམ་གླིང་གི་ལེགས་ཆ་འཚོལ་ཞིབ་པས་གཙོ་བོ་འཛུགས་བསྐྲུན་གྱི་ཕྱོགས་སུ་དཔེ་ལེན་བྱེད་པ་མ་གཏོགས། ཞིག་འགྲིབ་སོང་བའི་ཤུལ་དུ་ཁྱད་ཆོས་སྒྲུག་མཁན་ཕལ་ཆེར་མཐོང་རྒྱུ་མེད་པ་ལྟ་བུ་རེད།

ཁ་ཅིག གནའ་བོའི་བོད་ཀྱི་སྐད་ཡིག་གཉིས་ཀའི་དབང་དུ་བྱས་ནའང་། བརྗོད་བྱའི་དོན་སོ་སོར་མ་འཁྲུལ་བར་སྟོན་པར་གཙོ་བོ་མགོ་གསུམ་འདོགས་བཞིའི་སྒྲ་ཟུར་དག་ལ་རག་ལས་དགོས་པ་ལས།    ང་རོའི་གདངས་ཀྱི་རྣམ་འགྱུར་ལས་དོན་གྱི་ཁྱད་པར་འབྱེད་པ་མ་ཡིན་པའི་ཕྱིར་ཟེར། དེ་ནི་བརྗོད་བྱ་སྟོན་སྟངས་ཐད་སྐད་གདངས་དང་སྒྲ་ཟུར་དག་པ་གཉིས་ཁ་འཕྲལ་འདུག་པས། བརྗོད་དོན་གོ་བའི་མྱུ་གུ་སྐྱེས་པ་ལ་ས་བོན་དང་ལྷན་གཅིག་བྱེད་རྐྱེན་ལྟ་བུའི་གཞི་གདངས་དང་སྒྲ་ཟུར་དག་པ་གཉིས་ཀ་མེད་དུ་མི་རུང་བ་ཡིན་པའི་ངེས་ཤེས་མ་རྙེད་པའམ་ཞིབ་ཏུ་རྟོགས་ཀྱང་ཆེད་དུ་ཟུར་འཐེན་བྱས་ཏེ་བོད་ཀྱི་སྒྲ་གཞུང་སྐྱོག་ཐབས་བྱས་པ་ཁོ་ན་ཡིན་སྲིད་པ་རེད།

ཁ་ཅིག། ཡི་གེའི་སྐྱེ་གནས་རྣམས་ངེས་ཏེ་ང་རོ་དག་པར་ཐོན་ཞིང་སྦྱོར་ཀློག་དང་བསྡུས་ཀློག་གི་སྒྲ་གདངས་དག་པར་ཐོན་ནས་སུམ་རྟགས་དག་གསུམ་གྱི་རྩ་འགྲེལ་དང་མཐུན་པའི་སྐད་དེ་བོད་ཀྱི་ཚད་ལྡན་སྤྱི་སྐད་ལ་ངེས་སྙམ། དེས་ན། དབུས་གཙང་སྐད་ཀྱིས་རྨང་གཞིར་བྱེད་པར་འདོད། གང་ལགས་ཤེ་ན། དབུས་གཙང་སྐད་ཀྱི་སྒྲ་གདངས་ཐོན་ཚུལ་དེ་ཡི་གེ་སོ་སོའི་སྒྲའི་སྐྱེ་གནས་དང་ང་རོ་ཡང་དག་པར་ཐོན་ཐུབ་པའི་ཁར་སྦྱོར་ཀློག་ནས་བསྡུས་ཀློག་ཏུ་ཕབ་པའི་སྒྲ་གདངས་དེ་ཤིན་ཏུ་དག་པོ་ཐོན་ཐུབ་ཅེས་ཟེར། འདི་ལ་གོ་རྒྱུ་ཆེན་པོ་འདུག་ཀྱང་གཞི་རྩའི་ཆ་ནས་བོད་ཀྱི་སྤྱི་སྐད་ཡུལ་སྐད་དུ་འཁྲིད་ཐབས་ལྟ་བུ་ཤུགས་ཆེ་ཙམ་འདུག་པས་སྒྲ་ཇི་བཞིན་དུ་ཁས་ལེན་ཐུབ་པ་ཞིག་མ་རེད།

 སེར་བྱེས་མཁན་སྙན་གྲྭ་ཚང་དུ་བོད་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཆེན་མོའི་དཔྱད་གཞིར་ཕུལ།། །། ༢༠༡༢

          དཔྱད་གཞིའི་ཡོང་ཁོངས་ངོ་སྤྲོད།                 ༡༠༽  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་།

༡༽ སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་གསུང་།                    ༡༡༽ མཁས་དབང་མཁྱེན་རབ་འོད་གསལ་གྱི་གསུང་།

༢༽ མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་།                    ༡༢༽ མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་།

༣༽ གསེར་ཏོག་སྐུ་ཕྲེང་ལྔ་པའི་གསུང་།                                 ༡༣༽ ཀྲུའུ་དབྱང་མི་རིཌ་སློབ་གྲྭ་ཆེན་མོའི་རྒན་ཐུབ་བསྟན་ཕུན་ཚོཌ་ཀྱི་གསུང་།

༤༽ རྡོ་རིང་བ་བསོད་ནམས་བསྟན་འཛིན་གྱི་གསུང་།                  ༡༤༽ མཁས་དབང་དམུ་དགེ་བསམ་གཏན་གྱི་གསུང་།

༥༽ རྒྱ་ཡི་མཁས་པ་སི་ཏཱ་ལིན་གྱི་གསུང་།                               ༡༥༽ རྒྱ་ཡི་སྒྲ་རིག་པ་སྨྲ་བ་ཀྲུའུ་ཅིན་གྱི་གསུང་།

༦༽ རྒྱ་ཡི་སྒྲ་རིག་མཁས་པ་ཝན་ཝེ་ཝཱན་གྱི་གསུང་།                     ༡༦༽ རྒྱ་ཡི་རྩོམ་པ་པོ་ལུའུ་ཞུན་གྱི་གསུང་།

༧༽ དབྱིན་ཇིའི་སྒྲ་རིག་སྨྲ་བ་ཨེད་ཇཱི་སུང་གི་གསུང་།                    ༡༧༽ སྙན་ངག་སྨྲ་བ་འཇུ་སྐལ་བཟང་གི་གསུང་།

༨༽ གངས་རྒྱན་ན་ཆུང་ཚགས་པར།                                     ༡༨༽ བོད་ནང་གི་བོད་རིག་པའི་དྲ་བ།

༩༽ མཚོ་སྔོན་པོ་དྲ་བ།                                              ༡༩༽ བོད་རྒྱ་ཚིག་མཛོད་ཆེན་མོ།