གནས་ཚུལ་གསལ་པོ་མེད་པ་གང་བྱུང་བརྒྱུད་ལམ་དུ་མ་བཏང་ན་བཟང་།

ཁ་རྩང་ཉིན་རྒྱབ་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིས་རང་ལུས་མེར་བསྲེགས་ཀྱི་ཞི་བའི་ངོ་རྒོལ་བྱུང་བའི་གནས་ཚུལ་བྱུང་ཡོད་པ་དང་། འཕྲལ་དུ་རྒྱ་གཞུང་གིས་ལྷ་སའི་ཁུལ་གྱི་བརྡ་འཕྲིན་བརྒྱུད་ལམ་བཅད་པར་བརྟེན་གནས་ཚུལ་གསལ་པོ་རྒྱུས་ལོན་བྱུང་ཐུབ་མེད་པ་རེད།

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་ཤེས་གསལ་ལྟར་ན་བོད་མི་དེ་གཉིས་མཚོ་སྔོན་དང་སི་ཁྲོན་ཁུལ་གྱི་བོད་མི་ཡིན་པ་དང་། གཅིག་གི་མིང་ལ་སྟོབས་རྒྱས་ཚེ་བརྟན་དང་། ཅིག་ཤོས་ཀྱི་མིང་ལ་དར་རྒྱས་ཟེར་ཀྱི་ཡོད་འདུག་པས་མ་ཚད། སྟོབས་རྒྱལ་ཚེ་བརྟན་ཟེར་བ་གྲོངས་ཚར་བ་དང་། དར་རྒྱས་ད་ལྟ་སྨན་ཁང་དུ་ཡོད་པའི་གནས་ཚུལ་རྒྱ་ནག་གིས་ཀྱང་ངོས་ལེན་བྱུང་ཡོད་པ་ལྟར་གསལ་འདུག དེ་མིན་བོད་མི་ལ་ལས་ཁར་རྩང་རང་ལུས་མེར་བསྲེགས་བྱེད་མཁན་གཉིས་གྲྭ་པ་ཡིན་པར་བཤད་པ་དང་། ལྷ་སའི་ཇོ་ཁང་གི་མདུན་ན་མེ་འབར་བཞིན་པའི་གྲྭ་པ་གཉིས་ཀྱི་འདྲ་པར་ཞིག་ཀྱང་ངོ་དེབ་བརྒྱུད་ལམ་ཁག་ཏུ་འགྲེམ་སྤེལ་བྱེད་བཞིན་འདུག་པ་ནི་ད་དུང་གནས་ཚུལ་གསལ་པོ་མ་བྱུང་བར་དུ་བརྟགས་དགོས་པའི་གནས་ཚུལ་ཞིག་ཏུ་མཐོང་། གང་ཡིན་ཟེར་ན་བྷེ་བྷེ་སི་དང་སི་ཨེན་ཨེན་དྲྭ་ཚིགས་སོགས་སུ་གྲྭ་པ་ཡིན་པ་འཁོད་མི་འདུག་ལ། རྒྱ་ནག་གིས་ཀྱང་གྲྭ་པ་ཡིན་པའི་འགྲེལ་བརྗོད་བྱས་མི་འདུག དེར་བརྟེན་གནས་ཚུལ་འདི་འདྲའི་སྐབས་སུ་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་རྫུན་བཟོ་བྱས་པའི་འདྲ་པར་དང་གནས་ཚུལ་ཡང་ཐོན་བཞིན་ཡོད་པས་ཚང་མས་དོ་སྣང་བྱེད་དགོས་པར་འདོད་ལ། ལྷག་པར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་གསལ་པོ་བྱུང་ན་གསལ་པོ་བྱུང་བ་དང་། གནས་ཚུལ་གསལ་པོ་མ་བྱུང་བ་ལ་ཡང་དེ་ལུགས་ཀྱི་འབྲེལ་བཤད་གསལ་པོ་དགོས་པར་མཐོང་ངོ་། གང་ལྟར་གོང་འཁོད་གནས་ཚུལ་དེ་ནི་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་མེར་བསྲེགས་དོན་བྱུང་བ་ཡོངས་གྲགས་ཐོག་མ་དེ་ཡིན་པ་དང་། བཙན་བྱོལ་བོད་མིའི་རྒྱལ་ས་རྡ་སར་རྒྱལ་ཡུལ་ཆེན་མོ་རྐང་སྤོ་ལོ་འགྲན་བསྡུར་འགོ་ཚུགས་པའི་ཉིན་གཅིག་གི་རྗེས་སུ་བྱུང་བའི་གནས་ཚུལ་ཞིག་ཀྱང་རེད།