རྒྱ་ནག་ཏུ་འཐུང་ཆུའི་དཀའ་ངལ།

    རྒྱ་ནག་སོ་ནམ་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྒྱ་ནག་ཉིན་རེའི་ཚགས་པར་རྩོམ་སྒྲིག་པས་བརྒྱུད་བསྒྲགས་བྱས་གསལ་ལྟར་ན། ཐན་པ་འདི་ཕྱི་ལོ་ ༡༩༥༡ ནས་ད་ལྟའི་བར་ཆེ་ཤོས་ཡིན་པ་དང་ཉིན་གྲངས་ ༡༠༥ རིང་ལ་ཆར་ཐིག་གཅིག་ཀྱང་བརྒྱབ་མེད་པ་འདི་ནི་ཞིང་ལས་ཐོན་སྐྱེད་ཀྱི་ཆག་སྒོ་ཆེ་ཤོས་ཡིན་པ་དང༌། ད་ལྟ་ཐན་པ་རྒྱག་སའི་ས་ཁུལ་ཁག་བརྒྱད་ནི་རྒྱ་ནག་གི་གྲོ་རིགས་ཐོན་སྐྱེད་ཀྱི་ས་ཁུལ་བཟང་ཤོས་ཡིན་སྐོར་སོགས་གནས་ཚུལ་སྤེལ་ཡོད་པ་རེད། གསར་འགྱུར་དབྱེ་ཞིབ་པ་ཚོས་བརྗོད་ན་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་དཔལ་འབྱོར་ཁྲོམ་ར་ཉམས་གུད་ཀྱིས་ལས་འཚོལ་བ་ས་ཡ་མང་པོ་ལས་མེད་ཆགས་པ་དང༌། གྲོང་གསེབ་ཁག་ཏུ་རང་བྱུང་གི་ཆག་སྒོས་སོ་ནམ་ཞིང་ལས་དང་ཐ་ན་སྐར་ཆ་གཅིག་གི་འཚོ་བའི་དགོས་མཁོ་འཐུང་ཆུ་ལའང་དཀའ་ངལ་འཕྲད་བཞིན་ཡོད་པ་འདིས། རྒྱ་ནག་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་སྲིད་གཞུང་འདི་རྒྱུན་གནས་སྲ་བརྟན་ཐུབ་མིན་ལ་འདྲི་རྟགས་ཆེན་པོ་ཞིག་རེད་ཅེས་དང༌། ཡང་དེ་རིང་སྲིད་འཛིན་དང་སྲིད་བློན་གཉིས་ཀྱིས་གཏོང་ཕོད་ཆེན་པོས་ཐན་པ་སྐྱོབ་གསོའི་མ་དངུལ་ཕོན་ཆེན་བཏང་པ་འདིའི་རྒྱབ་མདུན་ན་གསང་བའི་གཡོ་སྒྱུ་གང་ཡོད་སོགས་ཀྱི་ཐད་ལ་བསམ་ཚུལ་ཤོད་མཁན་ཡང་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།