ཨོ་སི་ཊི་རི་ཡའི་འབར་མར་དཔལ་འབྱོར་གྱི་རོགས་སྐྱོར།

ཕྱི་ཚེས་༨ ཉིན་བྷི་བྷི་སི་རུ་གནས་ཚུལ་སྤེལ་བ་ལྟར་ན། འབར་མའི་གཞུང་གིས་དེ་སྔོན་འགྲོ་བ་མའི་ཐོབ་ཐང་རྡོག་རོལ་བཏང་བ་སོགས་ལ་བརྟེན་ནས། ཨོ་སི་ཊི་རི་ཡས་འགྲིམ་འགྲུལ་དང་ཚོང་འབྲེལ་བཀག་འགོག་གི་ཉེས་པ་བཏང་ཡོད་ནའང་། ད་ལྟ་གུ་ཡངས་དང་། དཔལ་འབྱོར་གྱི་རོགས་སྐྱོར་ལྡབ་འགྱུར་གྱི་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

ཨོ་སི་ཊི་རི་ཡའི་ ཕྱི་སྲིད་བློན་ཆེན་བྷོབ་ཁར་འབར་མར་གཟིགས་སྐོར་དུ་ཕྱིན་ནས། འབར་མའི་སྲིད་འཛིན་ཐེན་སེན་དང་མང་གཙོའི་ཚོགས་པའི་འགོ་ཁྲིད་ཨང་སན་སུ་ཀྱིད་གཉིས་ལ་ཐུག་འཕྲད་བྱུང་བ་དང་། ཟླ་འདིའི་ཚེས་༧ ཉིན་ཕྱི་སྲིད་བློན་ཆེ་བྷོབ་ཁཱར་གྱིས་འབར་མ་ཙམ་མ་ཟད་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་རྣམས་ལ་ཕྱི་ལོ་༢༠༡༥ ནས་བཟུང་ཨོ་སྒོར་ས་ཡ་༡༠༠ ཡིས་མཐུན་འགྱུར་རོགས་རམ་བྱེད་རྒྱུའི་དམ་གཅའ་བཞག་ཡོད་པ་རེད།

ཨོ་སི་ཊི་རི་ཡ་ནི་འབར་མར་རོགས་སྐྱོར་མང་ཤོས་བྱེད་མཁན་གྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཡིན་པ་དང་། ཨོ་སི་ཊི་རི་ཡ་གཞུང་ནས་ཕྱི་ཟླ་༤ པའི་ནང་འབར་མའི་སྲིད་འཛིན་ཐེན་སེན་ཚུད་པའི་མི་སེར་༢༦༠ ལྷག་ལ་འགྲིམ་འགྲུལ་དང་ཚོང་འབྲེལ་གྱི་བཀག་འདོམས་མེད་པ་བཟོས་ཡོད་པ་རེད།

བློན་ཆེན་བྷོབ་ཁཱར་གྱིས་འདས་པའི་ཉི་མ་གཉིས་རིང་གཟིགས་སྐོར་དུ་བསྐྱོད་པ་དང་ཚོགས་འདུ་རིམ་པ་བརྒྱུད་ནས་འབར་མའི་ནང་ལེགས་བཅོས་དང་ཡར་རྒྱས་གཏོང་ཕྱོགས་ལ་སེམས་གཏིང་ནས་རྗེས་སུ་ཡི་རངས་སྐྱེས་སོང་ཞེས་གསར་འགོད་གསར་བསྒྲགས་ཤིག་གི་ནང་བརྗོད་པ་ཡོད་རེད།

ཁོང་གིས་“སྔོན་གྱི་ཁྲིམས་ཉེས་ཕོག་པ་དག་ལ་གུ་ཡངས་བཏང་ནས་ཡར་རྒྱས་ཀྱི་ལམ་དུ་སྐུལ་འདེད་གཏོང་རྒྱུ་ནི་དུས་ལ་བབ་པ་ཞིག་ཏུ་མཐོང་”ཞེས་སྔོན་རྒྱལ་སྤྱིའི་ཁྲིམས་དང་འགལ་ནས་ཨོ་སི་ཊི་ལི་ཡས་ཁྲིམས་ཆད་བཏང་བ་དག་ཡང་དུ་བཏང་ཡོད་སྐོར་བརྗོད་ཡོད་པ་རེད།

བསྒྲགས་གཏམ་དེར་འབར་མའི་ནང་མ་འོངས་པར་རོགས་རམ་གཞན་གང་ཞིག་དགོས་པའི་སྐབས་གནས་སྟངས་ལ་གཞིགས་ནས་རོགས་སྐྱོར་སྤྲད་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།