འཕགས་བོད་མཉམ་འབྲེལ་གྱིས་ལས་འགུལ་སྤེལ་རྒྱུའི་གྲོས་ཆོད།
ཟླ་འདིའི་ཚེས་༩ ནས་ཉིན་གསུམ་རིང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་དེ་དྷ་སར་འཚོགས་པ་དང་། ཟླ་འདིའི་ཚེས་༡༡ ཉིན་གྲོས་ཆོད་དོན་ཚན་བཅུ་ཅན་གྱི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
ཕྱི་ཚེས་༡༡ ཉིན་གསར་འགོད་ལྷན་ཚོགས་ཐོག བོད་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བླ་མ་བཟོད་པ་རིན་པོ་ཆེ་དང་། ཚོགས་མི་ཝི་ཇཱེ་ཀ་རན་ཏི། དྷི་ལི་ས་ཁུལ་གྱི་འབྲེལ་མཐུད་པ་ཇཱེ་བྷི་ཤཱར་མཱ་བཅས་ཕེབས་ཡོད་པ་རེད།
བླ་མ་བཟོད་པ་རིན་པོ་ཆེའི་གསུང་དོན། ཉིན་གསུམ་རིང་བོད་དོན་ཐོག་ཚོགས་ཆེན་འཚོགས་ནས་མཐའ་མའི་ཐག་གཅོད་གྲོས་ཆོད་དོན་ཚན་བཅུ་བཞག་ཡོད་པ་རེད། དེ་ཚོའི་ནང་གཙོ་ཆེ་ཤོས་དེ་ཕྱི་ལོ་༢༠༡༣ ལོ་བོད་ཀྱི་རང་བཙན་ལོ་ལ་བསྲུང་བརྩི་དང་། རྒྱ་གར་རྒྱལ་ཡོངས་ནང་བོད་དོན་ཐོག་ལས་འགུལ་སྣ་ཚོགས་སྤེལ་རྒྱུ་ཡིན་དེ་རེད། ༢༠༡༣ དེ་བོད་རང་བཙན་གྱི་ལོ་ལ་སྲུང་བརྩི་ཞུ་རྒྱུའི་གནད་འགག་དེ། ༡༩༡༣ ལོ་ལ་རྒྱལ་དབང་སྐུ་འཕྲེང་༡༣ པ་ རྒྱ་གར་དུ་ཆབ་སྲིད་ཀྱི་གནས་སྟངས་ཤིག་གི་འོག་ཕེབས་པ་དང་། རྗེས་སུ་བོད་དུ་ལོག་པའི་སྐབས་འཛམ་བུ་གླིང་ལ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་གསལ་བསྒྲགས་གནང་ཡོད་པ་རེད། ༡༩༡༣ ནས་༢༠༡༣ བར་ལོ་བརྒྱ་ཞིག་འཁོར་ཡོད་པས་དེ་གནད་འགག་ཅིག་རེད། རྒྱལ་བ་སྐུ་འཕྲེང་༡༣ པ་ནང་བཞིན་༧རྒྱལ་བ་་སྐུ་འཕྲེང་༡༤ པ་ཆེན་པོ་ཡང་༢༠༡༣ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ནས་བོད་རང་བཙན་པའི་གསལ་བསྒྲགས་ཡོང་ཐབས་ཀྱི་ལས་འགུལ་བརྩམ་རྒྱུ་གལ་ཆེན་པོར་རྩིས་ཡོད་རེད་ཅེས་གསུངས་སོང་།
ཡང་ཁོང་གིས་ད་ཐེངས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་རྒྱ་གར་དྷ་རམ་ས་ལར་འཚོགས་དགོས་པའི་རྒྱུ་མཚན་གནད་འགག་མང་པོ་ཞིག་ལ་ཐུག་ཡོད་པ་རེད། ད་ལྟ་བར་ཚོགས་ཐེངས་བཞི་ཚོགས་ཡོད་རེད་དེ། ད་ཐེངས་དམིགས་བསལ་མང་པོ་ཞིག་ལ་བལྟས་ནས་གོ་སྒྲིག་ཞུས་པ་རེད། དང་པོ་དེ་འདས་པའི་ལོ་གསུམ་ནང་བོད་ནང་གི་གནས་སྟངས་འདི་སྔར་༡༩༥༩ ལས་ཧ་ལམ་སྡུག་ཏུ་ཕྱིན་ཡོད་དང་། དེའི་དཀའ་ངལ་སེལ་ཐབས་ཀྱི་ཆེད་དུ་ཚོགས་པ་དེ་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་དགོས་མིན་ལྟ་རྒྱུ་རེད།
གཉིས་པ་དེ་རྒྱ་གར་རྒྱལ་ཡོངས་ལ་བོད་ཀྱི་གཞིས་ཆགས་ཁག་མང་པོ་ཡོད་པ་དང་། ལས་འགུལ་སྤེལ་མཁན་ཁག་མང་པོ་ཡོད་པ་རེད། བོད་གཞུང་ཡིན་ནའང་འདྲ། གཞིས་ཆགས་ཁག་ཡིན་ནའང་འདྲ། ལས་འགུལ་ཁང་ཡིན་ནའང་འདྲ། སོ་སོས་ལས་འགུལ་སྤེལ་བ་མ་གཏོགས་རྒྱ་གར་དང་བོད་པ་མཉམ་དུ་ལས་འགུལ་སྤེལ་ཐུབ་མེད་པས། ལས་འགུལ་མཉམ་དུ་སྤེལ་དགོས་པ་གཙོ་འདོན་བྱས་ཡོད་པ་རེད། དེ་རིང་རྒྱ་གར་ནང་གི་བོད་པའི་གཞིས་ཆགས་ཁག་གི་གཞིས་འགོ་ཚང་མ་འདིར་ཕེབས་ཡོད་པ་རེད། དེ་གལ་ཆེ་ཤོས་གཅིག་རེད་ཅེས་བཟོད་པ་རིན་པ་ཆེས་འཕགས་བོད་གཉིས་འབྲེལ་བ་དམ་ཟབ་གིས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་སྐོར་གསུངས་སོང་།
ཉིན་གསུམ་གྱི་ཚོགས་འདུའི་ཐོག་ལས་འགུལ་གང་འདྲ་ཞིག་སྤེལ་བ་ཡིན་ན་ཚོགས་པ་ཡག་པོ་ཞིག་དགོས་པ་དང་། ཚོགས་པ་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་སྐོར་ལ་བཀའ་བསྡུར་གནང་ཡོད་རེད། གཉིས་པ་རྒྱ་གར་གྱི་བོད་དང་འབྲེལ་བའི་རྒྱ་ནག་གི་ཐོག་སྲིད་ཇུས་འཛིན་སྟངས་ལ་འགྱུར་བ་ཇི་ལྟར་གཏོང་དགོས་མིན་རྒྱ་གར་གཞུང་ལ་འབོད་སྐུལ། གསུམ་པ་དེ་རྒྱ་གར་རྒྱལ་ཡོངས་ལ་ཤེས་ཡོན་དང་འབྲེལ་བའི་ཐོག་ནས་ལས་འགུལ་ཇི་ལྟར་བརྩམ་དགོས་མིན་དེ་རེད།
དེ་བཞིན་གཞི་རིམ་སློབ་གྲྭ་ནས་མཐོ་སློབ་བར་བོད་དོན་གོ་རྟོགས་ཇི་ལྟར་སྤེལ་དགོས་མིན་དེ་རེད། ད་ལྟའི་སློབ་མ་ཚོ་རིམ་པས་ཆབ་སྲིད་ཚོགས་པར་སླེབས་ཀྱི་རེད། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་། ཆབ་སྲིད་པ་དང་། སྲིད་འཛིན། སྲིད་བློན་སོགས་ཆགས་ཡོང་དུས། ང་ཚོར་འབྲེལ་བ་ཡོད་པ་ཆགས་ཀྱི་རེད། དེར་བརྟེན་གཞོན་སྐྱེས་ཚོགས་འབྲེལ་བ་དགོས་པ་གལ་ཆེན་ཡིན་སྐོར་བླ་མ་བཟོད་པ་རིན་པོ་ཆེས་གསུངས་སོང་།
གྲོས་གཞི་དོན་ཚན་བཅུ་ནི། ༡ ཕྱི་ལོ་༢༠༡༣ ལོའི་ཕྱི་ཟླ་༢ པའི་ནང་རྒྱ་གར་རྒྱལ་ས་ལྡི་ལི་གསར་པར་རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་ཚོགས་མི་ཚང་མ་དང་འབྲེལ་ཡོད་རྒྱབ་སྐྱོར་བ་འདུ་འཛོམས་བྱེད་རྒྱུ།
༢ ཕྱི་ལོ་༢༠༡༢ ལོའི་ཕྱི་ཟླ་༩ པ་ནས་༡༠ བར་རྒྱ་ནག་གིས་རྒྱ་གར་ལ་དཔུང་འཇུག་བྱས་ནས་ལོ་༥༠ ཐམ་པ་འཁོར་བའི་དུས་དྲན་སྲུང་བརྩི།
༣ ཕྱི་ལོ་༢༠༡༣ ལོ་བོད་ཀྱི་རང་བཙན་ལོ་ཞེས་དུས་ཆེན་སྲུང་རྩི་བྱེད་རྒྱུ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པས་༧གོང་ས་སྐུ་ཕྲེང་༡༤ པ་ཆེན་པོ་བོད་དུ་སྔོན་༧གོང་ས་སྐུ་ཕྲེང་༡༣ པ་བོད་ལ་ལོག་པ་ལྟར་ཆེ་མཐོང་དང་ལྡན་པའི་ཐོག་ཕེབས་དགོས་པའི་རེ་འདུན་ཞུ་རྒྱུ།
༤ བོད་དོན་རྒྱབ་སྐྱོར་ཚོགས་པའི་རྩ་འཛིན་ཡིག་ཆ་གསར་བཟོའི་སླད་ཚོགས་ཆུང་ཞིག་གསར་འཛུགས་བྱེད་རྒྱུ་དང་། ཚོགས་ཆུང་ནས་ལོ་རྗེས་མར་ཟིན་བྲིས་སྙན་ཐོ་འབུལ་རྒྱུ།
༥ རྒྱ་གར་རྒྱལ་ཡོངས་སུ་ལོ་གཉིས་ནང་ཚུད་འཕགས་བོད་འབྲེལ་མཐུད་ཚོགས་པའི་ལམ་སྟོན་འོག ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པས་ས་གནས་སོ་སོར་ཚོགས་འདུ་འཚོག་རྒྱུ།
༦ གོང་ས་ཏཱ་ལའི་བླ་མས་སྐྱེ་འགྲོ་སྤྱིའི་བདེ་རྩ་དང་། བྱེ་བྲག་རྒྱ་གར་གྱི་བདེ་དོན་ལ་སྲི་ཞུ་རྒྱ་ཆེར་སྒྲུབ་ཡོད་པར་ངོས་འཛིན་ཕྱིར། རྒྱ་གར་གཞུང་གིས་རྒྱ་གར་རིན་ཆེན་གཟེངས་རྟགས་ཞེས་པའི་གཟེངས་རྟགས་མཐོ་ཤོས་དེ་འབུལ་རྒྱུར་བོད་དོན་རྒྱབ་སྐྱོར་ཚོགས་པས་དགོས་འདུན་འདོན་རྒྱུ།
༧ འཕགས་བོད་འབྲེལ་མཐུད་ཚོགས་པའི་ངོས་ནས་རྒྱ་གར་གྱི་ཁྲིམས་བཟོ་ལྷན་ཚོགས་དང་། ཆབ་སྲིད་ཚོགས་པ་རྣམས་ལ་༧གོང་ས་མཆོག་རྒྱ་གར་གྱི་གྲོས་ཚོགས་སུ་གདན་ཞུ་བྱེད་རྒྱུར་འབོད་སྐུལ་ལས་འགུལ་སྤེལ་རྒྱུ།
༨ རྒྱ་གར་གྱི་གྲོས་ཚོགས་ཕྱི་འབྲེལ་དང་། ལས་དོན་ཚོགས་ཆུང་མཉམ་དུ་བཀའ་བློན་ཁྲི་པ་མཉམ་དུ་ཚོགས་འདུ་གོ་སྒྲིག་བྱེད་རྒྱུར་འབད་བརྩོན་བྱེད་རྒྱུ།
༩ འཕགས་བོད་འབྲེལ་མཐུད་ཚོགས་པ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་སྐུ་འཕྲེང་༡༠ པར་ངོས་འཛིན་ཐོབ་ཆེད་ལས་འགུལ་སྤེལ་རྒྱུ།
༡༠ རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་གི་ཡོད་པས། དེས་ཨེ་ཤི་ཡའི་ལྷོ་ཤར་དང་ལྷོ་ཕྱོགས་ཀྱི་ས་ཁུལ་དུ་གནོད་སྐྱོན་ག་ཚོད་ཐེབས་ཀྱི་ཡོད་མེད་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་བསྐོང་རྒྱུ་བཅས་ཡིན་པ་རེད།།
ཉིན་གུང་ཚོགས་འདུ་མཇུག་བསྡོམས་འཚོགས་པ་དང་། དེའི་ཐོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཏམ་བཤད་སྤེལ་ཡོད་པ་རེད།།