འདི་ན་དགེ་སློང་མ་སུ་ཡོད་དམ།
དགེ་སློང་ཕ་ལ་ཕམ་པར་མི་འགྱུར་ཞིང་དགེ་སློང་མའི་མཐུན་མིན་གྱི་ཕམ་པ་བཞི་ནི།
བཅས་ལྡན་དགེ་སློང་མ་འཁྲིག་པའི་འདོད་ཆགས་ཀྱི་བསམ་པས་མིག་གི་གནས་མན་ཆད་ནས། པུས་མོའི་ལྷ་ང་ཡན་ཆད་ཀྱི་སྐྱེས་པ་ལ་རེག་ཅིང་ནོམ་པར་བྱེད། ཉུག་པར་བྱེད་པའི་ཚོར་བ་ཉམས་སུ་མྱངས་ཤིང་བདག་གིར་བྱེད་པའི་ལྟུང་བ་དེ་རེག་པའི་ཕམ་པ་ཡིན་ནོ། །གཉིས་པ་ནི། བཅས་ལྡན་དགེ་སློང་མས་ཆགས་སེམས་ཀྱིས་ལུས་བཀན་པའམ། ཉལ་ནས་སྐྱེས་པ་ཆགས་ལྡན་ལ་དབང་པོ་ཕན་ཚུན་མ་སྤྲད་པར་རེག་པ་ཙམ་གྱི་ཚོར་བ་མྱོང་པའི་ལྟུང་བ་དེ་ལུས་བཀན་གྱི་ཕམ་པ་ཡིན་ནོ། གསུམ་པ་ནི། དགེ་སློང་མ་གཞན་ལ་ཕམ་པ་བརྒྱད་གང་ཡང་རུང་བ་བྱུང་བ་ཤེས་ནས་ཉིན་ཞག་གི་བར་དུ་གསང་བའི་ལྟུང་བ་དེ་འཆབ་པའི་ཕམ་པ་ཡིན་ནོ། བཞི་པ་ནི། དགེ་སློང་འགའ་ཞིག་དགེ་འདུན་གྱི་གནས་ནས་ཕྱུང་བ་ལ་སླར་ཡང་འགྱོད་པའི་སེམས་ཀྱིས་བཟོད་པར་གསོལ་བ་དེ་ཉིད་ཆོས་དང་ལྡན་པའི་དགེ་སློང་མས་ཕྱིར་ཟློག་པ་ལ་དགེ་སློང་མའི་དགེ་འདུན་གྱིས་གཞམ་སྒོ་སོགས་ཀྱི་ལས་ཀྱི་བསྒོ་བ་ནི་ཟློག་པ་དེ་ཉིད་མི་གཏོང་བར་བྱེད་པའི་ཕམ་པ་ཡིན་ནོ།