ཚོར་སྣང་དང་རེ་བ།

དེ་རིང་ནི་ཆུ་ཚོད་བརྒྱད་པ་བར་དུ་ཉལ་ཡིན། མང་ཆེ་བ་ནི་ལྔ་དང་ཕྱེད་ཀ་ལ་ལངས་ནས་ཏིང་ཏིང་གྲག་འོང་ཚད་དང་འགྲོ་དགོས་ས་ཡོད་ཚད་ལ་ཕེབས་ཀྱི་ཡོད་རེད།  ང་འདྲ་པོ་ཁ་ཤས་ནི་རྡོ་བ་ནང་བཞིན་སུས་ཀྱང་བཀོད་མངགས་བྱེད་མི་ཐུབ་པར་རང་ཚོད་ཀྱིས་ཉལ་ནས་བསྡད་ཡོད་རེད་ལ་ཉལ་སྟངས་ཀྱང་སྣ་ཚོགས་རེད།   ཡིན་ཡང་གྲུབ་འབྲས་དང་རྙོག་གྲྭ་སོགས་ལ་བསམ་ན་ཉལ་བསྡད་ན་ཡག་ཤོས་རེད་འདུག  

ཕྱི་ལོགས་ལ་སོང་ན་མིག་དང་རྣ་བ་བཀབ་ན་མ་གཏོགས་སུ་ལ་བལྟས་ཉན་བྱས་ཀྱང་སྐྱོན་གྱི་གོང་བུ་དང་ཆགས་སྡང་གི་རང་བཞིན་དབང་དང་གོ་ས། མིང་དང་འདོད་ཡོན་གྱི་བྲན་གཡོག་རྐྱང་རྐྱང་ལྟ་བུ་མཐོང་འོང་གི་འདུག  དེ་ཚོ་ལ་བསམ་འཆར་དང་གནས་ལུགས་རེ་བཤད་ན་ཡང་ཆབ་སྲིད་ནག་པོ་ཞིག་གིས་ཏག་ཏག་བཟོ་གྲབས་བྱེད་ཀྱི་འདུག་ལ་བཟོས་པ་ཡང་ཤིན་ཏུ་མང་།།    ཚོགས་དང་ཆོས་རྭ་ཆད་མེད་ཕེབས་མཁན་ཚོར་དམིགས་བསལ་ཤེས་ཡོན་ཐད་ནས་ཡར་རྒྱས་འགྲོ་ཡོད་པར་མཐོང་གི་མི་འདུག   དེ་ག་རེ་ཡིན་ནམ།   དུས་ཚོད་ཀྱིས་མིན་འགྲོ།  མ་གཞི་ལོ་ཆུང་ཆུང་དང་འཛིན་གྲྭ་དབུ་ཕར་དེ་ཚོ་ནང་རྣམ་དཔྱོད་དང་བསམ་གཞིག་གིས་འགྲོ་ཐུབ་ས་རེད་བསམ་བསམ་གཏན་ནས་མཐོང་ཡ་མི་འདུག   ཕལ་ཆེར་ཁོ་ཚོས་དད་པ་བྱེད་ས་དང་མིག་དཔེ་བལྟ་ས་ལ་ཁྱད་ཆོས་དེ་མེད་པ་ཡིན་གྱི་རེད།  ང་ནི་ཉོབ་སོང་།  མང་ཆེ་བ་རྩོད་པ་སོགས་བློ་འཛིན་བྱས་ཏེ་ཆོས་རྭ་ནང་ལན་སྐྱེལ་མཁན་ལྟ་བུ་ཆགས་འདུག  ས་འདི་ནས་སྲོལ་རྒྱུན་གྱི་རིག་གཞུང་གཏིང་ཚུགས་པ་ཞིག་སྦྱང་མ་ཐུབ་ན་ཚར་ཚར་རེད།  དེང་དུས་ཀྱི་ཤེས་ཡོན་ནི་ང་ཚོ་ལ་མེད།  མ་འོངས་པར་ཆོལ་ཁ་དང་ཆོས་ལུགས། ལུང་ཚན་དང་མི་ཚན་སོགས་ཀྱི་ཞེན་ཁོག་ལུག་རྭ་འདྲ་པོ་རེ་ལས་གཞན་བསྟན་ཡ་མེད་ན་དཀོན་མཆོག་ངོ་ཚ།།   འདི་ཚོ་མང་ཆེ་བ་ནི་སྤྱི་ཚོགས་རྙིང་པའི་འགྲོ་སྟངས་སམ། ཁོར་ཡུག་དོག་པོ་ཞིག་གི་རྒན་པ་དེ་ཚོའི་འགྲོ་ལམ་དེ་ག་རང་ལ་འགྲོ་བསྡད་ཀྱི་འདུག  དེ་ག་རང་སོང་ན་ཤེས་ཡོན་དང་ཀུན་སྤྱོད། རྣམ་དཔྱོད་དང་བསམ་གཞིག  དཀྱེལ་ཡངས་དང་ཀུན་སྙོམས།  འགན་འཁྲི་དང་ལག་ལེན་སོགས་ཀྱི་ཐད་ཡག་པོ་ཕུལ་དུ་ཕྱིན་མཁན་ཁོ་ཚོའི་ཁྲོད་དུ་འདུག་གམ།  གཅིག་མིན་གཉིས་མིན་ཚང་མ་ལ་དེ་འདྲ་མེད་པའི་རྒྱུ་མཚན་ག་རེ་རེད།  ག་རེས་མ་འགྲིག་པ་རེད།   ངས་བསམ་ན་རང་གི་སེམས་དང་དཔེ་ཆའི་ནང་དོན་གཉིས་ཏག་ཏག་འདྲིས་མ་ཐུབ་པར་བློ་འཛིན་རྐྱང་རྐྱང་གིས་སོང་བསྡད་པའི་རྟགས་དང་།  རང་ལ་ཅི་ཡང་མེད་ན་ཡང་ང་མ་གཏོགས་མི་མིན། ཨོང་དོ་མ་གཏོགས་ཤ་མེད་སྙམ་ནས་ཁོར་ཡུག་ཆུང་ཆུང་ཞིག་ལས་མིག་རྣ་ཡིད་གསུམ་བརྒལ་མ་ཐུབ་པའི་ལན་པ་རེད་སྙམ།།   ལམ་བུ་དེར་ཞུགས་ཟིན་པའི་མི་དེ་ཚོ་ལ་བྲོ་བ་མི་འདུག་ན་ལམ་བུ་དེར་སྐྱོན་ཡོད་པའི་རྟགས་རེད།  སྐྱོན་དང་ལྡན་ཞིང་བསྒྱུར་བཅོས་མི་ཐུབ་པའི་ལམ་བུ་དེར་ཐེ་ཚོམ་ཡང་མེད་པར་ཤར་གྱིས་བསྐྱོད་བསྡད་ན་རང་ལ་ཀླད་པ་མེད་པའི་རྟགས་རེད།  མ་འོངས་པར་བསམ་བློ་དང་ཀུན་སྤྱོད་ཐད་ནས་ཡག་པོ་ཧ་ལས་དགོས་པ་ཞིག་མ་བྱུང་རུང་ནང་པ་སངས་རྒྱས་པའི་བསྟན་དོན་ངོ་མ་ལ་མྱོང་བ་ཅུང་ཟད་རེ་དང་རང་གི་གནད་འགག་སྐབས་རང་གིས་བསམ་བློ་གཏང་སྟེ་ཐག་གཅད་པ་ལས་མོ་ལུང་རྩིས་གསུམ་དང་། ལྷ་མཆོད་ཀླུ་མཆོད། ལྷ་གསོལ་འདྲེ་གསོལ། བསྐང་གསོ་འཕྲིན་བཅོལ་སོགས་ཡིད་ཀྱི་ཡུལ་དུ་འཁོར་མི་ཐུབ་པ་ཞིག་དང་།  ཀུན་སྤྱོད་ཐད་ནས་མི་སྐྱ་ཚོ་ལས་ལྷག་པ་ཞིག་དང་མི་སྐྱ་ཚོས་འགྲན་མི་ཐུབ་པ་ཞིག་བཟོ་དགོས་རེད།། ཀུན་སྤྱོད་བཤད་འོང་སྐབས་གཟན་ལེབ་དང་། མགོ་སྒུར་སྒུར། ཁ་ཡག་ངོ་དགའ།  བྱ་རེ་ཐུག་ན་སྐད་རེ་དང་། ཤིང་རེ་མཐོང་ན་ཚང་རེ་བཅའ་བསྡད་མཁན་ལྟ་བུ་ལ་ཟེར་བ་མིན།།   ད་རྣམ་པ་ཚོས་བསམ་བློ་གཏང་རོགས།  ང་ལ་མཚོན་ན་དམིགས་བསལ་ཐོབ་དང་གོ་ས། དཔལ་དང་འབྱོར་པ། ཀུན་སྤྱོད་དང་ཤེས་ཡོན། འགན་འཁྲི་དང་འཚོལ་སྙེགས་སོགས་གང་ཡང་མེད་མོད་ག་དུས་ཡིན་ཡང་གནད་དོན་ཡོད་ཚད་ལ་བསམ་གཞིག་དང་དོགས་པའི་ཁྲོད་ནས་འགྲོ་བསྡད་པ་ལས་གཞན་དབང་དང་གཞན་གྱི་ལད་མོ་ཁོ་ནས་དུས་ཚོད་གཏན་ནས་གཏོང་གི་མེད། རང་གིས་མི་བྱེད་པར་གཞན་སུ་ལ་ཡང་རེ་བ་བཅོལ་གྱི་མེད་ལ་འདྲ་ཆགས་ཆགས་དང་ཡིན་མདོག་མདོག་སུ་ལ་ཡང་ཡིད་ཆེས་མེད།  ཕ་བཟང་གི་བུ་ཚོ།  འབྲུ་བཟང་གི་ཁུ་བ་ཚོ།  ཤུགས་རྒྱོབས།  རང་ཉིད་གཙོ་བོ་འཛིན་དགོས་པའི་གནས་ལུགས་འདི་བརྗེད་མི་ཉན།  རང་ཉིད་ལ་རང་ཉིད་ལས་ལྷག་པའི་མགོན་སྐྱབས་མེད་པའི་ཚུལ་འདི་བརྗེད་མི་ཉན།  རང་ཉིད་སེམས་ཀྱི་མཐོ་སར་བཞག་དགོས་པའི་འགྲོ་སྟངས་འདི་བརྗེད་མི་ཉན།   ཤེས་དགོས་པ་ཞིག་ལ་རང་སེམས་རེ་ལྡེ་ལས་གྱོང་ཞིང་སྤྱོད་པ་ཕྱི་འཇམ་ནང་རྩུབ་ཅིག་འཁུར་ནས་གཞན་ལ་ཕན་བདེ་བསྒྲུབ་ཟེར་བ་ནི་རྣ་བར་མི་འགྲོ་བའི་གཏམ་རེད།