ལོ་རྒྱུས་ལ་བལྟས་ནས་རང་གི་ངན་གོམས་ཀྱི་བཟི་ཁ་བཙན་པོ་དེ་ལས་དྭངས་དུ་ཆུགས་དང་ད་གཟོད་ཁྱོད་ལ་དཔྱོད་ཤེས་ལྡན།
ས་ཆེན་འདིར་འགྲོ་བ་མི་ཡི་རིགས་སུ་སྐྱེས་པའི་ཉིན་མོ་དེ་ནས་བཟུང་སྟེ་འགྲོ་བ་གཞན་ལས་ཁྱད་ པར་དུ་འཕགས་པའི་རྣམ་དཔྱོད་དེ་བསམ་ཤེས་པ་དང་བསྒྲུབ་ཤེས་པ་ཞིག་རང་གིས་ཡིན་པའི་ ཚོད་དཔག་ཞིག་གི་ལམ་གྱི་སྣེ་མོ་ལ་འཇུག་ནས་འགྲོ་བ་མི་ཡི་གྲལ་དུ་འཚངས་ཁ་ཤིག་ཤིག་བྱེད ་བཞིན་ཡོད། ཡིན་ན་ཡང་དེ་དག་གི་བསམ་བློའི་ཡར་རྒྱས་ཀྱི་བརྒྱུད་རིམ་ནི་ཤིན་དུ་ཐག་རིང་ལ།
དཔེར་ན་གནའ་བོའི་མི་རིགས་ཀྱི་འཚོ་གནས་དང་བསམ་བློའི་ཆུ་ཚད་དང་ཉིན་རེའི་ལས་ཀ་བྱས་པའི་གྲུབ་འབྲས་དེ་དེང་སང་གི་མི་ཞིག་གི་ཉིན་གཅིག་གི་ལས་ཀའི་གྲུབ་དང་འབྲས་བསྡུར་ན་ཧེ་བག་ཤིན་དུ་ཆེ་བར་མངོན་སུམ་གྱིས་ཤེས་ནུས་ལ། དེ་ཡིས་ཕྱིར་ན་གནའ་སྔ་མོའི་མི་རྣམས་གྱི་མཐོང་ཡུལ་དུ་ཡང་ཁྲ་ཁྲ་དང་ཤིག་ཤིག་གི་འཇིག་རྟེན་འདི་ལྟ་བུ་ཞིག་མེད་པ་དང་། ལས་ཀ་གང་བྱེད་དགོས་ན་ཉེ་དུས་གྱི་བྱ་བ་ཇི་བཞིན་སྒྲུབ་སླ་བ་དང་འབྲེལ་བ་བྱེད་སླ་སོགས་དེ་བས་མེད་ལ། རྒྱུ་མཚན་དེ་བས་ན་གནའ་སྔ་མོའི་མི་རྣམས་ནི་འདོད་ཡོན་གྱི་བསླུ་བྲིད་དེངས་སང་ལྟ་བུ་མེད་པར་གསལ་བས་ན་ཚང་མ་སོས་དལ་ངང་དུ་སྡོད་ཅིང་འདོད་རྔམས་དང་འགྲན་བསྡུར་གྱི་རྣམ་པ་དེ་ཤིན་དུ་ཉུང་ཞིང་བྲེལ་ཟིང་གི་རྣམ་པ་དེ་བས་ག་ལ་ཡོད། དེ་ནས་རིམ་གྱིས་རྡོ་ཆས་ཀྱི་དུས་རབས་ནས་རིམ་བཞིན་ལྕགས་ཆས་ཀྱི་དུས་རབས་ལ་ཁ་མངོན་དུ་ཕྱོགས་ཏེ་ཚན་པ་ཚན་པ་མང་པོ་རིག་པས་བསྡུར་ནས་བརྟགས་ཤིང་དཔྱད་པ་དེ་ཚོད་ལྟའི་གྲུབ་འབྲས་ཀྱི་ཉམས་མྱོངས་ལ་བརྟེན་ནས་འཕྲུལ་ལས་དར་བའི་སྲོལ་ཐོག་མར་་ནུབ་ཕྱོགས་ནས་འགོ་ཚུགས་ཏེ་མི་བཅུ་ཡིས་ཉིན་གཅིག་ལ་བསྒྲུབ་པ་དེ་མི་གཅིག་གིས་འཕྲུལ་ཆས་སྤྱད་ནས་དུས་ཚོད་དང་སྐར་ཆ་ཁ་ཤས་ནང་དུ་ལས་ཚར་བར་བྱེད་པའི་དུས་དེ་ཤར་ལ། དེ་ནས་བཟུང་སྟེ་སྤྱི་ཚོགས་དེ་ལ་དབུལ་ཕྱུག་གི་བར་ཁྱད་ཆེན་པོ་ཞིག་ཤོར་ཞིང་འཕྲུལ་ཆས་ཅན་ཚོས་མེད་པོ་ཚོས་གོ་སྐབས་ཡོངས་རྫོགས་མེད་པར་བཟོས་དེ་རང་ཉིད་གཅིག་པུ་ཁེ་བཟང་ཅན་དང་སྔོན་ཐོན་ཅན་དང་གྲགས་པ་ཅ ན་ཞེས་མི་གཅིག་གི་ངོས་ལ་ཅན་ལྡན་མཁན་མང་པོ་ཞིག་ཡིན་པའི་གྲགས་པ་དང་འཁོར་དང་ཡོ་བྱད་དང་ཁྱིམ་དང་མཁོ་དགུའི་ཡོ་བྱད་དག་དུས་གཅིག་ཏུ་ལྡན་པར་བྱས་ཡོད་ལ། དེ་དང་མཉམ་དུ་ཕྱུག་པོའི་མི་དེས་ཁོ་རང་དང་འདྲ་བའི་ཕྱུག་པོ་དང་འཇོན་ཐང་ཅན་དག་ལ་ཕྲག་ཏོག་དང་། རང་ལས་མཐོ་བ་ལ་ངོ་བསྲུང་དང་རང་ལས་ཞན་པ་ལ་ཁྱད་གསོད་སོགས་ཀྱི་སྤྱི་ཚོགས་གྱི་གྲལ་རིམ་འདི་བྱུང་བས་དེ་དང་མཉམ་དུ་གྲལ་རིེམ་དེ་དག་ནང་ཕན་ཚུན་དབར་འཐབ་པ་དང་རྩོད་པ་དང་འགྱེད་པར་གྱུར་ཏེ། རིམ་བཞིན་དུ་ནང་མི་དང་སྤུན་ཟླ་རྩོད་པ་དང་། ཁྱིམ་ཚང་དང་ཁྱིམ་མཚེ་བརྩད་ཅིང་། དེ་འཕེལ་ཏེ་གྲོང་པ་དང་གྲོང་པའི་བར་དང་། མངའ་རིས་སྡེ་ཁག་དག་དང་། རྒྱལ་ཕྲན་དང་། རྒྱལ་ཁབ་དག་བརྩད་དེ་མཐར་འཛམ་གླིང་ཤར་ནུབ་སོགས་བརྩད་ཅིང་གཡུལ་བཀྱེ་སྟེ་མི་དུང་ཕྱུང་མང་པོ་ཤི་ལམ་དུ་བརྫོང་བ་བྱས་པ་དེ་དག་ལོ་རྒྱུས་ཀྱི་དེབ་ཐེར་ཁག་ཏུ་གཟིགས་ལ་ལྷག་པར་གསལ་བས་དེ་དག་ལ་གཟིགས་པར་ཤིན་དུ་གལ་དུ་ཆེ་བར་ཁ་ཚ་དགོས་གཏུག་གི་འགངས་ཏུ་ཅིས་ཀྱང་ཆེ་བར་འཁུམས། སྤྱི་ཚོགས་ཀྱི་འཕེལ་རིམ་དེ་དག་དང་མཉམ་དུ་གཞན་དག་འཕེལ་རྒྱས་མ་སོང་ལས་ཆེ་སྙམ་ན་དེ་ཡང་མ་ཡིན་ཏེ། དེ་དག་དང་མཉམ་དུ་སྤྱི་ཚོགས་རིག་གནས་མང་པོ་ཞིག་དར་རྒྱས་ནས་དར་རྒྱས་ཀྱི་ལམ་དུ་བསྐྱོད་ཏེ་མི་རང་རང་གི་བསམ་ཚུལ་རྣམས་རི་མོའི་ལམ་ནས་མི་གཞན་ལ་གོ་རུ་འཇུག་པའི་བརྟ་རྟགས་དག་དབྱིབས་མི་འདྲ་བ་སྣ་ཚོགས་བཟོས་ཤིང་། དེ་ནས་དེ་དག་ཕུན་སུམ་ཇེ་ཚོགས་དང་། ཡིག་རིགས་ལ་མཁས་པའི་སློབ་དཔོན་དང་། དེ་ནས་དེས་གཞན་ལ་འདོམས་ནས་ཡི་གེ་ཟེར་བ་ཞིག་ཀྱང་ས་འདིར་བྱུང་ལ། དེ་དག་དང་མཉམ་དུ་སྤྱི་ཚོགས་དེ་མཉམ་ལས་ཅན་དུ་བསྒྱུར་ཆེད་དུ་མི་མངས་ཀྱིས་བཀུར་བར་འོས་པའི་རྒྱལ་པོ་དང་དེ་ཡི་ལག་རོགས་སུ་བློན་པོ་ཟེར་བ་དང་། མདུན་ན་འདོན་སོགས་ཡུལ་དེའི་སྤྱི་ཚོགས་གྲུབ་ཆ་ཟེར་བ་དེ་མེ་བཞིན་དུ་མཆེད་དེ་ནང་གི་སྒྲིགས་འཛུགས་ཀྱི་སོ་ཚིས་དང་། ཕྱི་ཡི་དགྲ་བཏུལ་བའི་ལམ་ལས་རང་གི་འཁོར་ཡུག་རྒྱ་བསྐྱེད་པའི་ལས་གཞི་ཆེན་པོ་གཉིས་སུ་དབྱེར་ཡོད་། འདི་དག་དང་མཉམ་དུ་ལྷ་དང་འདྲེ་ཡི་ལྟ་ཚུལ་དེ་ཤུགས་ཆེ་རུ་སོང་སྟེ་ལུས་ངག་ཡིད་གསུམ་དེ་ལེགས་པར་སྤྱད་པ་བྱུང་ན་ལྷ་ཡི་རྒྱབ་རྟེན་དང་དེ་དག་གི་སྤྱོད་པ་ཇི་སྟེ་ཉེས་ན་འདྲེ་ཡི་ཆད་པ་ཡོད་པའི་ཆོས་ལུགས་ཀྱི་ལྟ་བ་ཡང་འདྲ་མིན་སྣ་ཚོགས་བྱུང་སྟེ་དེ་དག་ལ་བརྟེན་ནས་ལྷ་ཡི་རྒྱ་རྟེན་འཚོལ་བའི་ཐབས་ལམ་དང་། འདྲེ་ཡི་ཉེས་ཆད་བཀག་པའི་རིམ་གྲོ་སོགས་གྲུབ་པའི་མཐའ་གཅད་ཅིང་། དེ་ནས་དེ་དག་ལ་དམིགས་གསལ་གྱིས་རྐང་འཛིན་པ་ཞེས་གྲ་པའི་སྤྱི་ཚོགས་སྣ་ཚོགས་འདི་དག་བྱུང་ཞིང་དེ་ལ་བརྟེན་ནས་ཡོན་བདག་ཟེར་བ་དང་བླ་མ་ཞིག་ཀྱང་བྱུང་ལ། དེ་ལ་བརྟེན་ནས་ཆོས་ལུགས་ཕན་ཚུན་དབར་རང་གི་ཆོས་ལུགས་སྤེལ་ཡུལ་གྱི་མི་སེར་རྣམས་འཕྲོགས་རེས་དང་རང་གི་བསྟན་པ་རྒྱ་བསྐྱེད་པ་ལ་གཞན་གྱི་ཆོས་ལུགས་མེད་པར་བཟོ་བའི་བསམ་པ་ངན་པ་དང་སྦྱོར་བ་རྩུབ་མོའི་ཆགས་སྒོ་རེ་བྱུང་བ་འང་ཉུང་ཉུང་མིན། དེ་བཞིན་དུ་རང་ཅག་གི་བསྟན་པ་རིན་པོ་ཆེ་ལྟ་བུ་འདི་ཡང་དང་པོ་རྒྱ་གར་གྱི་ཀོའུ་ཏ་མ་དེ་ཉིད་ངེས་འབྱུང་གི་སྐྱོ་བས་བསྐུལ་ཏེ་རང་གི་སེམས་དེ་བཏང་འགྲོ་བཞག་སྡོད་ལ་རང་དབང་ཐོབ་པར་བྱས་ཤིང་། དེ་ནས་སེམས་ཀྱི་ཡིན་ལུགས་ངོ་མ་དེ་ནང་ནས་བཙལ་ཏེ་གཤིས་ལུགས་ཇི་བཞིན་པར་རྟོགས་ནས་རང་སེམས་དེ་འཁྲུལ་བ་ལས་གྲོལ་བའི་གོ་ས་མཐོན་པོ་ལ་ཕེབས་ཏེ་། དེ་ནས་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་སྒོ་ནས་ཆོས་ཀྱི་དབྱེ་བ་རབ་དབྱེ་དང་དེ་དག་ཡང་དག་ཏུ་ན་མེད་པ་དང་། གཞན་འགྱུ་བ་རང་སར་བཞག་ནས་ཆོས་སྐུའི་རྒྱལ་ས་འགྲོ་བའི་གསང་བ་སྔགས་སོགས་ཟབ་པ་དང་རྒྱ་ཆེ་བ་དག་གསུངས་ཤིང་། ཆོས་ལུགས་དེ་ལྟ་བུ་དག་ལ་བརྟེན་ནས་འགྲོ་བ་མི་ཡི་རིགས་ཀྱི་བསམ་བློའི་གནས་ཚད་ཕུན་སུམ་ཇེ་ཚོགས་སུ་བཏངས་སྟེ་ཕྱི་ཡི་ཆོས་རྣམས་ལ་འཛིན་པ་གྲོལ་བའི་གདམ་པ་འདི་དག་ནི་སྤྱི་ཚོགས་ཀྱི་ཡར་རྒྱས་ཚད་མཐཽན་པོ་ལ་སླེབ་ཏུ་བཅུག་ཡོད་ཅིང་། དེ་དག་ལ་བརྟེན་ནས་འགྲོ་བ་མི་ཡི་རིགས་སྤྱི་ཡོངས་ནས་རང་དབང་དང་ཞི་བདེ་ལ་སྨོན་ཤེས་པ་དང་རང་དབང་དང་ཞི་བདེ་ལ་ཇི་ལྟར་བརྩོན་པའི་ཚུལ་རྣམས་ཡང་དག་པར་ཤེས་པ་ཞིག་ཏུ་བྱུང་ཡོད་ཀྱང་། ཡིན་ན་ཡང་རང་ལྟ་མཆོག་འཛིན་ཅན་དང་ཤིན་དུ་འདོད་རྔམས་ཆེན་པོ་ཅན་ཁ་ཤས་ཤིག་ནི་དཔལ་འབྱོར་དང་ཆབ་སྲིད་ཀྱིས་བཟི་ནས་གཞན་ལ་བཞུ་བཞོག་དང་གཉའ་ནོན་བྱེད་དང་བྱེད་བཞིན་ཡིན་པ་ཀུན་ཀྱི་མིག་ལམ་དུ་མངོན་ཡོད་། དཔལ་འབྱོར་དང་ཆབ་སྲིད་ཀྱིས་བཟི་ལ་དངས་མཐའ་མེད་ཟེར་བ་དེ་ལ་ང་ཅིས་ཀྱང་ཡིད་ཆེས་ཞིག་ལྷག་ཏུ་འཕེལ་ཡོང་བར་འདུག་ན་དཔྱོད་ལྡན་དག་གིས་དཔྱད་ཅིང་བསམ་འཆར་ལྷུག་པོར་གནང་བར་ཞུ།