༄༅།། གཡོ་འཕྲུལ་སྒོར་མོའི་གྲོང་འདུར་ཡི་རེ་སྐྱོ།།
༄༅།། གཡོ་འཕྲུལ་སྒོར་མོའི་གྲོང་འདུར་ཡི་རེ་སྐྱོ།།
སྒོར་མོའི་འཇིག་རྟེན་ཡོད་ཚོད་བཙོན་དུ་བཅུག།།
སྒོར་མོའི་ཕོ་མོའི་བརྩེ་དུང་ཞིག་རུལ་བཏང་།
སྒོར་མོའི་ཕ་མིའི་གཅེས་དུང་འཕྲེད་ལ་བཅད།།
སྒོར་མོའི་རང་གིས་རིགས་གཞུང་རྡོག་པའི་རྫིས།།
སྒོར་མོའི་མི་ཡི་སེམས་ལ་ན་ཟུག་བསྐྲུན།།
སྒོར་མོའི་གྲྭ་བའི་སྡོམ་པའི་ཚེ་སྲོག་བཅད།།
སྒོར་མོའི་ཨ་ནེའི་ཕུགས་བསམ་རླུང་ལ་བསྐུར།།
སྒོར་མོའི་ཞི་བདེའི་འཚོ་བ་ཁྲག་ལ་བསྒྱུར།།
སྒོར་མོའི་མཐུན་སྒྲིལ་དར་ཐག་ཁད་ཀྱིས་བཅད།།
སྒོར་མོའི་རང་གི་ལར་ཞེན་གཞན་ལ་སྤྲད།།
སྒོར་མོའི་ས་སྟེང་གོ་ལ་སྣང་མེད་གཏོར།།
སྒོར་མོའི་སེམས་ཀྱི་ཞི་བདེ་རྙོག་མར་བཟོས།།
སྒོར་མོའི་གངས་རིའི་ལོ་རྒྱུས་རྫུན་བཟོ་བྱས།།
སྒོར་མོའི་ཕུ་ནུའི་མཛད་བརྩེ་རྡོག་ལ་གཞུས།།
སྒོར་མོའི་མི་ཡི་སེམས་ཁམས་སྟོངས་བར་བཟོས།།
སྒོར་མོའི་མི་ཡི་དར་རྟེན་དམྱལ་བར་འཕངས།།
སྒོར་མོའི་དོན་དམ་གནས་ལུགས་ཆུ་ལ་བསྐུར།།
སྒོར་མོའི་སྲོག་ལྡན་ཡོད་ཚོད་གཡོག་ལ་སྦྱར།།
སྒོར་མོའི་འཇིག་རྟེན་ཁམས་ཆེན་དགྲ་གཤེད་བཟོས།།
སྒོར་མོ་ཞེན་ཆགས་མ་ཆེ་ངེས་དོན་ཡིན།།
སྒོར་མོ་སྲོག་ལྡན་རྣམས་ཀྱི་གཤེད་མ་དངོས།།
སྒོར་མོའི་འུ་ཅག་སེམས་པ་སྟོངས་བར་བཟོས།།
སྒོར་མོའི་ཚེ་སྲོག་རྩད་ནས་གཅོད་པར་ཤོག།།
ནུབ་གླིང་ན་བཞུགས་པའི་གྲོགས་མོ་ཞིག་གིས་བསྐུལ་ངོར་
གསེར་རྟའི་རྒྱལ་ཁམས་པ་དཔལ་ཤུལ་བསོད་ནམས་
ཕུན་ཚོགས་སམ་མིང་གཞན་འབྲོང་སྲས་སུ་འབོད་བཞུགས་སྒར་
རྡ་རམ་ས་ནས་སུག་བྲིས་སོ།། ༢༠༡༢ ༦ ༢༨