རེ་ཐག །།
བྱམས་ལྡན་ཕ་མས་སྐྱེས་མ་རེ་མེད་ཀྱང་།
མུན་ནག་འཕྲོད་ནས་གོམས་ཁ་རེ་འགྱུར་ཏེ།
ཇག་པ་བཞིན་དུ་རྐང་འཇབ་ངང་ཐོན་ནས།
མི་ལོ་ཉི་ཤུ་མི་ཡུལ་དུ་ལྷག་བྱུང་།
ལམ་ཕྲང་དུ་མ་ངལ་བ་ཡིས་བསད་ནས།
ལ་ལུང་མང་པོ་རྐང་ཆུང་གིས་འཇལ་ཏེ།
ཞུམ་མེད་བློ་ལ་ངར་ཁ་རེ་སྦྱིན་ནས།
རྒྱང་རིང་ཡུལ་དུ་རེ་དོགས་རེ་བཅང་ཡིན།
འཕགས་པའི་ཡུལ་གྱི་ཚ་བ་ཡིས་གདུང་ནས།
གངས་རིའི་དྲུང་དུ་སེམས་པ་དེ་ཤོར་སོང་།
རྡྭ་ལའི་གསེར་པོར་ཡིད་ཁ་དེ་ལོག་དུས།
ནས་དཀར་རྩམ་པའི་དྲི་བསུང་རེ་འཐུལ་བྱུང་།
མཁས་མང་དབུས་སུ་ཐོས་བསམ་ལ་འབད་དུས།
བཟས་བཅུད་བྲལ་བས་ལུས་བཟུང་གི་མ་ཁྱོག
རང་སེམས་གསོ་ཐབས་རང་ཉིད་ཀྱིས་འབད་དུས།
བྱམས་བརྩེ་ཅན་གྱི་མ་ཡུམ་དེ་དྲན་བྱུང་།
དམིགས་མེད་ཡུལ་ནས་རྒྱང་རིང་ལ་བལྟས་ཀྱང་།
མཚོ་མཐའི་ཕ་མཐའ་དམག་རུམ་གྱིས་གཏུམས་ནས།
བདེན་པའི་གཟུགས་བརྙན་ཡིད་ཡུལ་དུ་མི་འཆར།
མུན་པའི་གླིང་ནས་རེ་ཐག་སྟེ་ཆད་སོང་།