འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་པ་རྒྱ་རིགས་བགྲེས་པོ་ཞིག་གི་སྙིང་གཏམ།
༼ ང་རང་འདིར་སླེབས་པ་ཧ་ཅང་དགའ་པོ་བྱུང།༽མཐོ་རིམ་སློབ་མ་དག་མ་འོངས་པར་སྦྱང་འབྲས་ལེགས་པོ་ཐོན་པར་བརྟེན་འབྲེལ་ཞུ། ཁྱོད་ཚོ་ནི་ཤེས་ཡོན་གྱི་སྤུས་ཚད་བཟང་བའི་གཞོན་ནུ་སྐྱེས་ལྡན་ཤ་སྟག་རེད། འོན་ཀྱང་ཁྱོད་ཚོར་འོད་སྟོང་འཕྲོ་བའི་གྲུབ་འབྲས་དེ་མ་རིང་བའི་རྗེས་སུ་ཡོང་ཐུབ་པའི་ཡིད་ཆེས་ཡོད།
ང་ད་ལོར་ལོ་༧༥ཡི་མི་ཚེའི་མཐར་སླེབས་ཟིན་པའི་མི་རྒན་ཞིག་ཡིན། ཁྱོད་ཚོ་ང་ཚེ་རིང་པོར་ངོས་འཛིན་བྱེད་སྲིད་འོན་ཀྱང་ངས་བཤད་འདོད་པ་ནི་མི་ཚེ་ནི་ཧ་ཅང་ཐུང་ཐུང་རེད། འགྲོ་བ་མི་དང་སྲོག་ཆག་གཅིག་མཚུངས་རེད། སྐྱེས་ནས་འཚར་ལོངས་བྱུང་བའི་བར་ཚེ་སྲོག་ནི་ས་འོག་གི་ལམ་བུ་ཞིག་དང་འདྲ་ཞིང། ང་ཚོ་གཅིག་མཚུངས་ཀྱི་ཕ་མཐར་བགྲོད་བཞིན་ཡོད། ང་ཚོས་དུས་ཚོད་ཅི་ཙམ་གྱིས་མི་ཚེའི་ཕ་མཐར་འབྱོར་མིན་ཤེས་ཀྱི་མེད་པ་རེད།
དེ་སྔོན་ངའི་མི་ཚེའི་མཇུག་དེ་མགྱོགས་པོར་སླེབས་ཀྱི་ཡོད་པར་ངོས་འཛིན་བྱས་པ་ཡིན། འོན་ཀྱང་ཚེ་སྲོག་གིས་བདག་ལ་གོ་སྐབས་ཐེངས་གཉིས་པ་འདི་སྦྱིན་ཡོད་པ་རེད།
ང་དེ་སྔོན་རྒྱ་ནག་ཧྲང་ཧེའི་ཕྱུག་བདག་ཅིག་གི་བུ་དང་སློབ་གྲྭ་ཆེན་མོ་བ་ཞིག་ཀྱང་བྱས་མྱོང། སྐབས་དེར་ངའི་དོ་གཡེང་བྱེད་ས་ནི་དབྱུག་པ་སྤོ་ལོ་དང་དགའ་རོགས་མ་སྐོར་མ་གཏོགས་མེད། འོན་ཀྱང་ང་ལོ་༢༣་སྐབས་སུ་མོའོ་ཙེ་ཏུང་གིས་འགོ་འཁྲིད་པའི་དམར་ཤོག་གིས་ང་ལ་༼གསར་བརྗེ་ངོ་ལོག་གཡས་ཐལ་རིང་ལུགས་༽ཅེས་པའི་ཉེས་མིང་བསྐལ་ཏེ་འཛིན་བཟུང་བྱས། ངའི་དམར་ཤོག་གི་སློབ་གྲོགས་ཀྱིས་ངས་སྐབས་དེའི་དམར་ཤོག་དབང་འཛིན་པར་སྐྱོན་བརྗོད་བྱས་པའི་སྐོར་ཐད་འདོན་བྱས་སྟབས་ངའི་སྐྱོན་བརྗོད་ཡི་གེ་དེ་དམར་ཤོག་ལ་ངོ་རྒོལ་བྱས་པའི་དཔང་རྟགས་ལ་བརྩིས་ཏེ་མོའོ་ཙེ་ཏུང་གིས་དམར་ཤོག་སྲིད་དབང་གི་དགྲ་བོར་ངོས་འཛིན་བྱས་ཏེ་ང་རང་རྩ་མེད་བཟོ་བརྩིས་བྱས། ༡༩༦༠་ལོར་ངའི་མིག་གིས་མཐོང་མ་མྱོང་བའི་འཛིན་བཟུང་ཡི་གེར་མིང་རྟགས་བཙན་བཀོད་བྱེད་བཅུག་ཏེ་ང་འཛིན་བཟུང་བྱས། བཙོན་ཁང་དུ་མཚན་དང་པོར་བཙོན་སྲུང་བས་ང་ལ་ལོ་ཚད་ཅི་ཙམ་བཟོས་མིན་དྲི་དུས་ངས་༼དེའི་སྐོར་སུ་གཅིག་གིས་ཀྱང་ང་ལ་བཤད་མཁན་མ་བྱུང།༽ཞེས་ལན་འདེབས། ཁོས་ངའི་ཡིག་ཆར་ལྟ་ཙམ་བྱས་ཏེ་༼ཁྱོད་རང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག༽ཅེས་ཟེར་བྱུང།
དོན་དངོས་ཐོག་རྒྱ་ནག་བཙོན་ཁང་གི་སྒྲོམ་གཞིར་༼ངལ་རྩོལ་བསྒྱུར་བཀོད་༽ཟེར་གྱི་ཡོད། ངལ་རྩོལ་བསྒྱུར་བཀོད་ཟེར་བ་དེའི་ནང་དོན་ནི་བཙོན་པར་བཙན་གྱིས་ངལ་རྩོལ་བཀལ་ནས་བསམ་བློ་བཅོས་བསྒྱུར་གཏོང་དགོས་པའི་བཙན་ཁང་གི་ལམ་ལུགས་ཤིག་རེད། དམར་ཤོག་སྲིད་གཞུང་གིས་ངལ་རྩོལ་བསྒྱུར་བཀོད་བརྒྱུད་ཁོ་ཚོའི་དམིགས་ཡུལ་གཉིས་འགྲུབ་ཐབས་བྱེད་ཀྱི་ཡོད་། གཅིག་ནི་བཙོན་པ་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་༼མི་གསར་པ་༽ཟེར་བ་བཟོ་རྒྱུ་དང། བཙན་གྱིས་ངལ་རྩོལ་བཀོལ་བ་དང་ཆབ་སྲིད་སློབ་གསོས་སྲིད་གཞུང་ལ་ཉེན་ཁ་བཟོ་མཁན་ཟེར་བ་རྣམས་རྩ་མེད་བཟོ་རྒྱུ་དེ་རེད། དམིགས་ཡུལ་གཉིས་པ་ནི་བཙན་དབང་གིས་སྒོ་ནས་བཙོན་པ་ཚོས་ངལ་རྩོལ་ཐོན་སྐྱེད་ཀྱི་ལམ་ནས་ཐོན་རྫས་བསྐྲུན་རྒྱུ་དེ་གཉིས་རེད། དེ་སྔོན་ང་ཞིང་རྭ་དང་བཟོ་གྲྭ རྡོའི་གཏེལ་བཏོན་ས་ཚིགས་བཅས་སུ་ངལ་རྩོལ་ནང་ཞུགས་མྱོང། ང་ཚོས་བཟོས་པའི་ཐོན་རྗས་རྣམས་དམར་ཤོག་སྲིད་གཞུང་གིས་ཕྱིར་ཚོང་བྱས་ཏེ་དེའི་ཁེ་སང་ཟ་ཡི་ཡོད། དམར་ཤོག་སྲིད་གཞུང་གི་ངལ་རྩོལ་སྒྲོམ་གཞི་དེ་ནི་ཨོ་རུ་སུག་གི་༼གུ་ལ་གེ༽ཟེར་བ་དེ་ནས་བློ་སྦྱོང་བྱས་པའི་ཐབས་ལམ་ཞིག་རེད། ༡༩༤༩ལོར་མོའི་ཙེ་ཏུང་གིས་སྲིད་དབང་བཟུང་རྗེས་དམར་ཤོག་སྲིད་གཞུང་གིས་དམར་ཤོག་ལ་ངོ་རྒོལ་བྱེད་མཁན་ཡོངས་བཙོན་ཁང་དེ་དག་ལ་བཙོན་འཇུག་བྱས་པ་རེད། ང་ནི་དེའི་ནང་གི་གཅིག་རེད། དེར་བརྟེན་ངས་སོ་སོའི་ལོ་རྒྱུས་ཏོག་ཙམ་ལས་བཤད་ཐབས་མེད། འོན་ཀྱང་ང་དང་འདྲ་བའི་མི་གྲངས་༤༠༠༠ནས་༥༠༠༠བར་ལ་ང་དང་གཅིག་མཚུངས་ཀྱི་ངལ་རྩོལ་བསྒྱུར་བཀོད་ཀྱི་ལོ་རྒྱུས་ཡོད་པ་རེད།
རྒྱ་ནག་གི་མུ་གེ་ཆེན་མོའི་དུས་སུ་ང་རང་ཏོག་ཙམ་མ་གཏོགས་བཙོན་ཁང་དུ་ཤི་གྲབས་བྱས། ངས་དེའི་དུས་སུ་ཞིང་རྭའི་ནང་རྩ་དང་རྩི་ཤིང་སྣ་ཚོགས། དེ་མིན་སྦལ་བ་དང་ཙི་ཙི་ཡས་ཆད་འཛིན་ནས་གྲོད་པ་བགྲང་ཐབས་བྱས། གང་ཡིན་ཟེར་ན་བཙན་ཁང་ནང་གི་ཟས་ནི་ཧ་ཅང་ཉུང་བས་ཡིན། ངའི་མཐའ་འཁོར་གྱི་མི་མང་པོ་ཤི་སོང། ང་ལའང་རེ་བ་རྫོགས་སོང། དྲག་པོའི་རྡུང་རྡེག་དང་ཡ་ང་བའི་མནར་གཅོད་མྱངས་རྗེས་ངས་རང་དབང་ལ་དོ་སྣང་བྱེད་ཁོམས་མི་འདུག ངས་ཉིན་ལྟར་གང་འདྲ་བྱེད་དེ་སོ་སོ་མུ་མཐུད་གསོན་པོ་བསྡད་ཐབས་དང། ལས་ཀ་དང་ལྟོ་ཟས། གཉིད་ཉལ་རྒྱུ་བཅས་ལ་བསམ་བློ་བསྐོར་བཞིན་ཡོད། དེ་དག་ནི་ངས་སྐབས་དེར་དོ་སྣང་ཡོད་པའི་གནས་ཚུལ་ཁོ་ནར་དེ་ཡིན།
༡༩༧༩ལོར་ང་རང་གློད་གྲོལ་ཐོབ་བྱུང། འོན་ཀྱང་ང་རང་དེ་སྔོན་གྱི་འཚོ་བ་རོལ་ཐབས་བྲལ། སྤྱི་ཚོགས་ཐོག་ང་རང་གནས་ཆོག་པའི་ས་ཞིག་མི་འདུག ངའི་མ་ཚབ་ཁོང་མོས་ང་འཛིན་བཟུང་བྱས་པའི་སྐོར་ཐོས་འཕྲལ་རང་ཤི་རྒྱག་འདུག ང་ལ་གྲོགས་པོ་གཅིག་ཀྱང་མེད། ངའི་ཁྱིམ་མི་ཕལ་ཆེར་གྱིས་ང་དང་འབྲེལ་བ་བཅད་ཚར། གང་ཡིན་ཟེར་ན་ཁོ་ཚོས་བཙོན་ཁང་དུ་བསྡད་མྱོང་བའི་༼གསར་བརྗེ་ངོ་ལོག་གཡས་ཐལ་ཅན་།༽ཞིག་དང་འབྲེལ་བ་སྤུ་ཙམ་བྱེད་འདོད་མེད་པས་ཡིན།
དེ་རྗེས་ང་རྒྱ་ནག་ཝུ་ཧན་གྱི་སློབ་ཆེན་ཞིག་ནང་ལས་ཀ་བགོས་བྱུང། ཡིན་ཡང་སླར་ལུགས་མཐུན་གྱི་འཚོ་བ་ཞིག་འགོ་བརྩམས་པ་དེ་ལས་སྟབས་བདེ་ཞིག་མིན། མོའོ་ཙེ་ཏུང་ཤི་ནས་ལོ་གསུམ་འདས་ཟིན། འོན་ཀྱང་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་འགྱུར་ལྡོག་འགྲོ་བཞིན་པ་ཡིན་ཡང་ངས་སོ་སོ་ངལ་རྩོལ་བསྒྱུར་བཀོད་ཀྱི་བཙན་རྭ་ཆུང་ངུ་ནས་ཐར་ཙམ་བྱུང་བའི་མི་ཞིག་དང། སླར་དེ་བས་རྒྱ་ནག་གི་སྤྱི་ཚོགས་བཙོན་རྭ་ཆེན་མོ་གཞན་དེར་ཚུད་ཡོད་པར་ཤེས་ཡོད། ངས་ལས་རོགས་ཀྱིས་ང་ལ་མགོ་བོ་སྒུར་ནས་སེམས་ཆུང་ནན་ཏན་བྱེད་དགོས་པའི་སྐོར་བཤད་བྱུང་ལ། དམར་ཤོག་གུང་ཕྲན་ཏང་གིས་ད་དུང་ཡིན་ཡང་བདག་ལ་ལྟ་ཞིབ་ནན་པོ་བྱེད་ཅིང་ང་ལ་སྔར་བཞིན་རང་དབང་དངོས་ཤིག་ཐོབ་མེད་པ་རེད།
༡༩༨༥ལོར་ང་རང་ལ་ཨ་རི་ཅ་ཀྲོའི་པོ་ཁེ་ལི་སློབ་ཆེན་གྱིས་ས་གཤིས་རིག་པའི་ཤེས་ལྡན་པའི་ངོ་བོའི་ཐོག་ནས་གདན་ཞུ་ཡི་གེ་འབྱོར་བར་ང་རང་དགའ་སྤྲོ་དཔག་མེད་བྱུང། དེ་ནི་ངའི་མི་ཚེའི་ནང་ཧ་ཅང་ལམ་འགྲོ་རྒྱུག་པའི་གོ་སྐབས་ཤིག་ཡིན་པར་ཤེས་ཡོད། ང་རང་ཅ་ཀྲོ་གནམ་ཐང་ནས་ཕྱིར་དོན་སྐབས་ངས་སྤུས་མོ་སར་བཙུགས་ནས་སོ་སོར་༼ང་ལ་རང་དབང་ཐོབ་པ་རེད། ད་ལྟ་ང་ལོ་༥༠ཟིན་ལ་ཉེ། འོན་ཀྱང་ད་ནས་བཟུང་ང་ལ་རང་དབང་ཐོབ་པ་རེད།༽ཅེས་འབོད། ངས་འདས་སོང་ཚང་མ་བརྗེད་དེ་འཚོ་བ་གསར་པ་འགོ་བརྩམས་ཀྱི་ཡིན།
སློབ་གྲྭའི་ངོས་ནས་ལོ་རྗེས་མ་གཞི་ནས་ང་ལ་འགྲོ་སོང་བཏང་ཐུབ་རྒྱུ་ཡིན་སྐོར་བརྗོད་བྱུང། འོན་ཀྱང་ངས་ཁོང་ཚོར་ང་རང་གིས་སོ་སོ་གསོ་ཐུབ་པ་བྱེད་ཀྱི་ཡིན་ཟེར་ནས་བཤད་ཡོད། དོན་དངོས་ཐོག་ང་རང་ལ་སྐབས་དེར་ཨ་སྒོར་༤༠ལས་མེད། ཨ་རིར་ཐོག་མའི་འཚོ་བ་དེ་ནི་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་ཡིན། ང་རང་ལ་སྒོར་མོ་མེད་པའི་རྐྱེན་གྱིས་བསྡད་ས་མ་རག་པར་ལུས། ངས་དེ་མིན་རླངས་འཁོར་ཡང་གཏོང་མི་ཐུབ་ལ་ང་ལ་ཁྱིམ་མིའང་མེད། ཉིན་མོར་ང་སློབ་ཚན་འཁྲིད་དུ་འགྲོ་བ་དང་། དེ་ནས་དཔེ་མཛོད་ཁང་དུ་འགྲོ་ཡི་ཡོད་ལ། མཚན་མོར་ང་རང་གཞུང་ལས་ཁང་དུ་བསྡད་ཀྱང་དེར་མཚན་མོར་བསྡད་ཐབས་མེད་སྟབས་ང་རང་ཁྲོམ་ལམ་དུ་མི་ཉལ་དཀའ་མེད་རེད། ཉིན་གཉིས་པའི་དུས་སུ་སླར་གཞུང་ལས་ཁང་དུ་ཏོག་ཙམ་ཉལ་ཐབས་བྱེད་ཀྱི་ཡོད། མཐར་ང་ལ་ཞོགས་པ་ཆུ་ཚོད་༩པ་ནས་དགོང་མོ་ཆུ་ཚོད་༦པ་བར་ཟས་མངར་མོའི་རིགས་བཟོ་ཆོག་པའི་ལས་ཀ་ཞིག་རག་བྱུང། སྐབས་དེར་ང་རང་དགའ་ཚོར་དཔག་མེད་སྐྱེས་ཡོད། དུས་དེ་ནས་བཟུང་ང་རང་ཁྲོམ་གསེང་དུ་ཉལ་དགོས་ཀྱི་མ་རེད་ཨང། དུས་དེར་ཉིན་རེར་ཨ་སྒོར་༢དང་སྒོར་ཟུང་༢༥ལས་རག་གི་མེད་ཀྱང་ངས་ད་དུང་དངུལ་ཏོག་ཙམ་བསགས་ཐུབ་ཐབས་བྱས་པ་ཡིན། ངས་སོ་སོས་བདེན་པ་བདེན་ཐུབ་དང་དྲང་བདེན་གྱིས་ལས་ཀ་བྱེད་མཁན་མི་ཞིག་གིས་མཐར་འཚོ་བ་ལེགས་པོ་ཞིག་བསྐྱེལ་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་བས་གལ་ཆེ་བ་ཞིག་ནི་ང་ལ་རང་དབང་ཐོབ་ཡོད་པས་རེད།
༡༩༨༦ལོར། ང་རང་གཞན་གྱིས་གདན་ཞུ་ལྟར་ཧྥུའུ་ཉི་ཡ་སློབ་ཆེན་ཧྲིང་ཁེ་ལུ་སི་ཡན་ལག་སློབ་ཆེན་དུ་གཏམ་བཤད་བྱེད་དུ་སོང། དེ་སྔོན་ང་རང་མི་མང་འདུས་སར་ངའི་ངལ་རྩོལ་བསྒྱུར་བཀོད་ཀྱི་ལོ་རྒྱུས་ཁྱོན་ནས་བཤད་མ་མྱོང། འོན་ཀྱང་ངས་སྐབས་དེར་རྒྱལ་ཁོངས་ཨ་རི་ཡིན་པའི་རྒྱ་རིགས་གཙོས་མི་ཚོས་༼ངལ་རྩོལ་བསྒྱུར་བཀོད་༽སྐོར་ཤེས་མཁན་ཕལ་ཆེར་མེད་པར་རྟོགས་བྱུང། དེ་མིན་ཁོ་ཚོས་དེའི་སྐོར་གོ་མྱོང་ཡང་མི་འདུག སྐབས་དེར་ངས་༼ངལ་རྩོལ་བསྒྱུར་བཀོད་༽ཅེས་པའི་ཚིག་དེ་འཛམ་གླིང་མི་མང་ལ་ཤེས་སུ་འཇུག་དགོས་ཀྱི་འདུག་སྙམ། ༡༩༨༨ལོར་ང་རང་ཧུའུ་ཧྥོ་ཞིབ་འཇུག་ཁང་ངལ་རྩོལ་བསྒྱུར་བཀོད་སྐོར་ཞིབ་འཇུག་བྱེད་དུ་སོང་བ་ཡིན། ༡༩༩༠ལོར་ཨ་རི་རྒྱལ་ཚོགས་ནས་ང་རང་ངལ་རྩོལ་བསྒྱུར་བཀོད་སྐོར་དཔང་པོ་བྱེད་དུ་གདན་ཞུ་གནང་། Jesse་Helmsཟེར་བའི་སྤྱི་འཐུས་ཤིག་གིས་ང་ལ་༼མདོར་བསྡུས་ན་རྒྱ་ནག་སྐམ་ས་ཆེན་མོར་ངལ་རྩོལ་བསྒྱུར་བཀོད་ཁང་ཇི་ཙམ་ཡོད་དམ། དེའི་ནང་བཙོན་པ་ཇི་ཙམ་ཡོད་དམ།༽ཞེས་དྲིས་བྱུང། དེ་སྔོན་ང་རང་ལོ་ངོ་ཧྲིལ་པོ་༡༩་ཡི་རིང་ངལ་རྩོལ་བསྒྱུར་བཀོད་ཁང་མི་འདྲ་བ་ཁག་༡༢་ཙམ་དུ་བསྡད་མྱོང་ཡོད་ཀྱང་ངས་ཁོང་གི་དྲི་བ་དེར་ལན་འདེབས་ཐུབ་ཀྱི་མེད། ད་དུང་ཡང་ང་དང་འདྲ་བའི་མི་ཅི་ཙམ་གྱིས་ང་དང་གཅིག་མཚུངས་ཀྱི་ལོ་རྒྱུས་ཡོད་དམ། ད་དུང་མི་ཇི་ཙམ་གྱིས་ངལ་རྩོལ་བསྒྱུར་བཀོད་བྱེད་བཞིན་ཡོད་དམ། ཉིན་འདིར་ང་འདིར་བསྡད་དེ་ང་ནི་རང་དབང་ལྡན་པའི་མི་ཞིག་ཡིན། ཡིན་ཡང་སུས་མི་དེ་དག་གི་ཆེད་དུ་སྐད་ཆ་ཚིག་གཅིག་ཡིན་ཡང་བཤད་རོགས་བྱེད་ཀྱི་རེད་དམ། སྐབས་དེའི་དུས་ནས་བཟུང་ངས་རང་གི་ཚེ་སྲོག་གི་དོན་སྙིང་ཅི་ཞིག་ཡིན་མིན་རྟོགས་ཡོད། ངས་ངལ་རྩོལ་བསྒྱུར་བཀོད་སྐོར་ཐད་འདོན ་བྱས་ཏེ་དམར་ཤོག་གུང་ཕྲན་ཏང་གི་བྱ་སྤྱོད་ངན་པ་དེ་དག་ཐད་འདོན་བྱེད་ཀྱི་ཡིན། དེར་བརྟེན་ངས་ཐེངས་མང་རྒྱ་ནག་ཏུ་ཕྱིར་ལོག་སྟེ་ངལ་རྩོལ་བསྒྱུར་བཀོད་སྐོར་གྱི་རྒྱུ་ཆ་རག་ཐབས་བྱས། ཡིན་ཡང་ངས་སོ་སོའི་ངོ་བོ་དངོས་དེ་ངེས་པར་དུ་སྦ་གསང་མི་བྱེད་ཀ་མེད་རེད། ངས་ཚོང་པ་དང་ཉེས་རྟོག་པ། དེ་མིན་བཙོན་པ་སོགས་ཀྱི་སྤུན་ཉེ་ལ་རྫུས་ཏེ་བྱ་བ་སྤེལ། ངས་རྒྱ་ནག་ལ་ད་བར་ངལ་རྩོལ་བསྒྱུར་བཀོད་ཁང་ཁག་༡༠༠༠ཡོད་ཅིང་ཕལ་ཆེར་མི་གྲངས་ཁྲི་༣༠༠ལྷག་ངལ་རྩོལ་བསྒྱུར་བཀོད་ཀྱི་བཙོན་རྭར་གནས་ཡོད་པར་ཤེས་རྟོག་བྱུང། ངས་གསང་བའི་སྒོ་ནས་བཙོན་རྭ་དེ་དག་གིས་བཙོན་པའི་ཐོན་རྫས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཁྲོམ་རྭར་དབོར་འདྲེན་གྱིས་ཚོང་བསྒྱུར་བྱེད་ཀྱིན་པའི་པར་རིས་དང་བརྙེན་འཁོར་གྱི་དཔར་མང་པོའི་རྒྱུ་ཆ་ལེན་ཐུབ་པ་བྱུང།
དུས་དེར་ང་རང་རྒྱ་ནག་དམར་ཤོག་གི་མིང་ཐོག་ནག་པོ་ཟེར་བའི་ནང་ཚུད་ཟིན། འོན་ཀྱང་༡༩༩༥ལོར་ངས་སླར་རྒྱ་ནག་ཏུ་ཐེངས་གཅིག་ཞིབ་འཇུག་ལ་འགྲོ་ཐུབ་པའི་རེ་བ་བཅངས། མི་མང་པོས་ངས་དེ་འདྲ་དགོས་པའི་རྒྱུ་མཚན་འདྲི་ཡི་འདུག ངས་དེ་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་སོ་སོའི་རང་དབང་དཔང་དུ་བཙུགས་ཏེ་དེ་འདྲ་བྱེད་དགོས་པའི་རྒྱུ་མཚན་འདྲི་ཡི་འདུག ཁོ་ཚོས་ཕལ་ཆེར་ང་ནི་མི་དཔའ་ངལ་ལྡན་པ་ཞིག་དང་ཡང་ན་དེ་མིན་ང་མི་སྨྱོན་པ་ཞིག་རེད་ཅེས་བསམ་སྲིད་པ་རེད། འོན་ཀྱང་བདག་ལ་མཚོན་ན་གདམ་ཁ་གཞན་གང་ཡང་མེད། ངས་ངེས་པར་དུ་ལས་ལ་འཇུག་དགོས། ༡༩༩༥ལོར་ང་རང་སླར་རྒྱ་ནག་ཏུ་འབྱོར་དུས་རྒྱ་ནག་དམར་ཤོག་གིས་མཐར་ང་རང་དངོས་སུ་འཛིན་བཟུང་བྱས། སྐབས་དེར་ང་རང་ཨ་རིའི་མི་སེར་ཡིན་ཞིང་ཁྲིམས་མཐུན་གྱི་ཡུལ་བསྐོར་སྤྲོ་འཆམ་པའི་ལག་འཁྱེར་ཡང་ཡོད། ངས་ང་རང་རྒྱ་ནག་གི་ས་མཚམས་ནས་བཀག་ཉར་བྱས་པ་དྲན་གྱི་འདུག མཐར་ཁོ་ཚོས་ང་ལ་༼རྒྱལ་ཁབ་ཀྱི་གསང་བ་ལྐོགས་ཉུལ་༽བྱས་པའི་ཉེས་མིང་བཀལ་ཏེ་ལོ་ངོ་༡༥་ཡི་ཁྲིམས་ཐག་བཅད། དམར་ཤོག་གུང་ཁྲན་ཏང་གིས་ང་རང་ལོ་ངོ་ཧྲིལ་པོ་༣༤་ལ་བཙོན་དུ་བྲན་གཡོག་གི་འཚོ་བ་བསྐྱེལ་དགོས་པའི་ཁྲིམས་ཐག་བཅད་ཡོད། དེ་མཐར་ཐུག་ན་རྒྱུ་མཚན་གང་ལ་ཐུག་ཡོད་དམ། ང་མི་བསད་ལག་དམར་བ་དང་རྐུ་ཇག་་གང་ཡང་མིན། ངས་སོ་སོའི་བསམ་འཆར་བཤད་པ་ཙམ་ཡིན། ངས་འཛམ་གླིང་མི་མང་ལ་གུང་ཁྲན་དམར་ཤོག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཇི་ལྟར་གཏོང་གི་ཡོད་མེད་ཀྱི་བདེན་པ་ར་སྤྲོད་བྱས་པ་ཙམ་ཡིན། སྨྲ་བརྗོད་ནི་ཁྲིམས་འགལ་མ་རེད། བསམ་བློ་གཏོང་བ་དེ་ཡང་ཁྲིམས་འགལ་མ་རེད། འོན་ཀྱང་ད་ལྟའི་ཆར་རྒྱ་མི་ཞིག་ལ་མཚོན་ན། དེ་མིན་འཇིག་རྟེན་འདིའི་ཐོག་གི་མི་མང་པོ་ལ་མཚོན་ན་ཁོ་ཚོར་སྨྲ་བརྗོད་རང་དབང་ཙམ་ཡང་ཡོད་མ་རེད།
རང་དབང་ནི་དམིགས་བསལ་གྱི་སྒེར་དབང་ཞིག་མིན། རང་དབང་ནི་འགྲོ་བ་མིའི་རྩ་བའི་ཐོབ་ཐང་ཞིག་ཡིན། དེས་ཁྱོད་ཀྱིས་རང་དབང་ལ་བརྩི་བསྐུལ་མི་དགོས་པར་བཤད་ཀྱི་མེད། གལ་ཏེ་ཁྱོད་རང་ཆབ་སྲིད་དང་རྒྱལ་སྤྱིའི་འབྲེལ་བའི་ཁོར་ཡུག་ནང་ལས་ཀ་བྱེད་ཀྱི་ཡོད་ཚེ། ཁྱོད་ཀྱིས་རྒྱལ་ཁབ་ཚང་མར་རང་ངོས་ཀྱི་རིག་གཞུང་དང་རིན་ཐང་གི་ལྟ་བ་ཞིག་ཡོད་པའི་སྐོར་ཤེས་ཀྱི་ཡོད་ཚོད་རེད། འོན་ཀྱང་ངས་རང་ངོས་ནས་གནས་ཚུལ་གཅིག་ལ་ཁེས་ལེན་བྱེད་ཐུབ། དེ་ནི་ང་ཚོར་གཅིག་མཚུངས་ཀྱི་ལྟ་བ་ཞིག་ཡོད་པ་དེ་ནི་ང་ཚོས་ཚང་མས་འགྲོ་བ་ཡོངས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་འོས་པར་རེ་བ་འཆང་བཞིན་པ་དེ་རེད།
ཨ་རི་རྒྱལ་ཁབ་འདི་བཙུགས་མ་ཐག་ནས་བཟུང་མི་མང་གི་རང་དབང་སྲུང་སྐྱོར་ཐད་ནུས་ཤུགས་འདོན་ཞིང། ཁྱོད་ཀྱིས་རྒྱལ་ཁབ་དང་མི་མང་གི་ཆེད་དུ་ཧུར་བརྩོན་དང་ནུས་ཤུགས་བཏོན་བཞིན་པའི་སྐབས་སུ་ཁྱོད་ནས་རྒྱལ་ཁབ་ཀྱིས་ཁྱོད་ལ་འགྲོ་བ་མིའི་རྩ་བའི་ཐོབ་ཐང་སྦྱིན་པར་བཀའ་དྲིན་དྲན་ཤེས་བྱེད་བཞིན་ཡོད་པ་རེད། འགྲོ་བ་མིའི་རྩ་བའི་ཐོབ་ཐང་མེད་པའི་ཁུལ་དང། འགྲོ་བ་མིའི་རྩ་བའི་ཐོབ་ཐང་ལ་གཉའ་གནོན་མྱོང་མཁན་རྣམས་ཀྱི་ཆེད་དུ་འབོད་སྒྲ་ཤུགས་ཀྱིས་སྒྲོག་རྒྱུ་དེ་རེད།
མི་མང་པོས་ཨ་རིས་ངོས་ནས་རྒྱ་ནག་ཇི་ལྟར་བཅོས་བསྒྱུར་གཏོང་དགོས་སམ་ཞེས་དྲི་བ་བཀོད་ཀྱི་ཡོད། ང་ཚོས་ཤེས་གསལ་ལྟར་ཚོང་འབྲེལ་དང་བསྒྱུར་བཅོས་སྒ་དབྱེ་གང་མང་མང་གིས་ཐོག་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་བ་དམ་དུ་འགྲོ་བཞིན་ཡོད་པ་དང། དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་པ་དེས་རྒྱ་མི་གང་མང་ཞིག་དབུལ་ཕོངས་ནས་བྲལ་ཐུབ་པ་བྱུང་ཡོད། འོན་ཀྱང་ཉེ་བའི་ལོ་ཤེས་ནས་ང་ཚོས་མཐོང་ཐུབ་པ་ཞིག་ནི་མ་རྩ་རིང་ལུགས་ཀྱིས་དམངས་གཙོའི་རྒྱ་ནག་ཅིག་ཡོང་ཐུབ་པའི་སྔོན་དཔག་དེ་ནི་རྩ་བའི་ནོར་འཕྲུལ་ཞིག་ཡིན་པ་གསལ་པོ་བྱུང་ཡོད། དེ་མིན་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཁོ་ཚོའི་དཔལ་འབྱོར་སྲིད་ཇུས་གཏན་འབེབས་བྱེད་སྐབས་ད་དུང་ཡང་རྒྱ་ནག་ལ་སྟོང་བསམ་བཅངས་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ། རྒྱ་ནག་དམར་ཤོག་གུང་ཕྲན་ནས་སྨྲ་བརྗོད་རང་དབང་བཀག་སྡོམ་དང། དྲ་རྒྱའི་ཁག་ཁྲིམས་སྡོམ། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་རྣམས་བཙོན་འཇུག་བྱེད་བཞིན་པ་ཡིན་ཡང་ཨ་རིའི་ངོས་ནས་ད་དུང་ཡང་དམར་ཤོག་གུང་ཕྲན་སྲིད་གཞུང་གི་བྱ་སྤྱོད་ལ་ཐད་འདོན་བྱེད་པའི་འདོད་བློ་ཉུང་ཉུང་རེད། དེ་ནི་རྒྱ་ནག་དབར་གྱི་དཔལ་འབྱོར་འབྲེལ་མཐུད་ཐད་ནོར་འཛོལ་མི་ཡོང་བའི་ཆེད་དུ་རེད། ༡༩༨༩ལོའི་དྲུག་བཞི་དོན་རྐྱེན་རྗེས་སུ་ཨ་རི་གཞུང་ཕྱིར་དོན་ཏེ་དམར་ཤོག་གུང་ཕྲན་སྲིད་གཞུང་གིས་སློབ་མའི་ཐོག་དྲག་ཤུགས་སྤེལ་བར་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད། འོན་ཀྱང་བློ་ཕངས་པ་ཞིག་ལ་མ་རིང་བའི་རྗེས་སུ་ཨ་རི་ངོས་ནས་མི་འབོར་མང་བའི་རྒྱ་ནག་གི་ཚོང་འབྲེལ་དང་མ་རྩའི་བསླུ་བྲིད་ལ་མ་བཟོད་པར་དེ་མུར་ལུས་ཡོད། མི་ཞིག་ཡིན་པའི་ངོས་ནས་འདོད་རྔམ་རྒྱས་ཏེ་སོ་སོའི་བསམ་བློའི་ཀུན་སྤྱོད་ཀྱི་རིན་ཐང་གི་ལྟ་བ་ལའང་འཛེམས་ཟོན་མེད་པར་ཆག་དུས་སྤྱི་ཚོགས་ཀྱིས་ཁོ་ལ་མཐོང་ཆུང་བྱེད་ངེས་རེད། འོན་ཀྱང་ནུབ་ཕྱོགས་སྤྱི་ཚོགས་སུ་རྒྱལ་སྤྱིའི་ཚོང་འབྲེལ་དབང་གིས་འགྲོ་བ་མིའི་ཐོབ་ཐང་ལ་སྣང་མེད་སྐྱུར་བཞིན་པ་འདི་ཡིན་ལུགས་ཚུལ་མཐུན་གྱི་གནས་སྟངས་ཤིག་གྱུར་བཞིན་ཡོད་པ་རེད། འོ་ན་འདི་ནི་ཞི་བདེ་དང་བདེ་འཇགས་ཀྱི་འཇིག་རྟེན་ཞིག་བསྐྲུན་ཐབས་ཀྱི་མདུན་ལམ་ཞིག་ཡིན་ནམ།
མང་པོས་དུས་རབས་ཉེར་གཅིག་ནས་བཟུང་དམངས་གཙོ་རྒྱལ་ཁབ་དབར་ཕན་ཚུན་གཡུལ་འཐབ་མི་བྱེད་པར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཕྱོགས་གཞན་ཞིག་ལའང་ངོས་འཛིན་བྱེད་འོས་ཏེ། དམངས་གཙོ་རྒྱལ་ཁབ་དངོས་ཡིན་པའི་ངོས་ནས་ཀྱང་རང་གི་མི་མང་ལ་འཐབ་འཛིང་བྱེད་ཀྱི་མེད་པར་ངོས་འཛིན་བྱེད་ཀྱི་ཡོད། དམར་ཤོག་གུང་ཕྲན་གྱིས་རྒྱུན་དུ་ཁོ་ཚོས་མི་མང་ལ་དྲག་གནོན་བྱེད་པ་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ལ་སྔར་བས་སྲུང་སྐྱོབས་ཡོང་ཕྱིར་དང། མི་མང་གི་འཚོ་བར་འགན་སྲུང་ཆེད་དུ་ཡིན་སྐོར་བཤད་བཞིན་ཡོད་པ་རེད། འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་ལ་གུས་བསྐུལ་དང་བརྩི་སྲུང་བྱ་བར་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་དྲག་ཤུགས་ལ་བརྟེན་ནས་ཞི་བདེ་སྲུང་མཁན་ཡིན་ཟེར་བའི་༼ཞི་བདེའི་༽སྲིད་དབང་སྒེར་གཅོད་པའི་སྲིད་གཞུང་དེ་བས་ཞི་བདེ་དང་བརྟེན་ལྷིང་ཆེ་བ་ཡོད། ད་བར་རྒྱ་ནག་མི་ཚོས་རྒྱལ་ཁབ་འདིར་༼དམར་ཤོག་གི་རྒྱལ་ཁབ་༽ཅེས་མི་འབོད་པར་ཁོ་ཚོས་དམར་ཤོག་གི་༼མོའོ་ཙེ་ཏུང་གི་ཆབ་སྲིད་ཚོགས་པ་༽འདི་ཁྲིམས་མཐུན་དུ་བསྒྱུར་ཟིན་པ་མ་ཟད། རྒྱལ་ཁབ་འདི་ལ་༼མི་མང་སྤྱི་འཐུས་རྒྱལ་ཁབ༽ཅེས་པའི་ཐོག་ནས་གནམ་འོག་གི་མི་རྣམས་མགོ་བསྐོར་གཏོང་བྱེད་ཀྱི་མིང་ཚིག་འདི་བེད་སྤྱོད་བྱེད་བཞིན་ཡོད། གལ་ཏེ་ཨ་རིས་འཛམ་གླིང་ཞི་བདེ་དང་ཤར་གླིང་དུ་དབང་ཆ་སྤོ་བསྒྱུར་དགོས་ན། ཨ་རིར་སྲིད་དབང་སྒེར་གཅོད་པའི་ཉེན་ཁའི་འགྲན་རྩོད་ཅིག་དང་འཕྲད་ངེས་རེད།
ངས་འཛམ་གླིང་ཐོག་རང་དབང་དང་བདེན་པ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོར་བྱེད་མཁན་གྱིས་ཨ་རི་གཙོ་འགྱུར་གྱི་རིན་ཐང་ལྟ་བ་འཛིན་མཁན་མཐོ་སློབ་འདི་འདྲ་ཞིག་མཐོང་བར་ཧ་ཅང་དགའ་ཚོར་སྐྱེ་བཞིན་ཡོད། ལྟེ་བའི་རིན་ཐང་འདི་ཁོ་ནས་ཨ་རི་སྟོབས་ཆེན་ལ་བསྒྱུར་ཡོད་པ་ཡིན་ཞིང། གཉའ་གནོན་ཆེན་པོ་མྱོང་བཞིན་པའི་ཡུལ་གྱར་བ་དེ་དག་ཀྱང་དམངས་གཙོ་དང་རང་དབང་གི་ལ་རྒྱ་འདིར་བརྟེན་ནས་ཨ་རིའི་ས་འདིར་འབྱོར་བཞིན་ཡིད་འོང་གི་མ་འོངས་པ་ཞིག་རེ་སྒུར་བྱེད་ཀྱི་ཡོད། རིན་ཐང་གི་ལྟ་བ་འདིའང་ཨ་རི་ངོས་ནས་གཞན་རྒྱལ་ཁབ་ཁག་དབར་ཕྱི་འབྲེལ་གྱི་སྲིད་ཇུས་ཤིག་འཛིན་འོས། ངས་ཁྱོད་ཚོའི་ལྟ་བ་འདི་འདྲའི་སློབ་གསོ་དང་སློབ་གྲྭ་ཞིག་གདམ་པར་ཡིད་སྨོན་ཤོར་བཞིན་ཡོད། ངས་ཁྱོད་ཚོས་མི་ཚེ་གཅིག་ལ་ཕུག་བསམ་དེ་ཡིད་ལ་བཟུང་བའི་རེ་བ་བཅངས་ཡོད། ངས་བཤད་ཟིན་པ་ཡིན། ང་ནི་ཉི་མ་ལ་ཁའི་རྒན་པོ་ཞིག་ཡིན། མ་འོངས་པ་དེ་ཁྱོད་ཚོར་དབང་བ་ལས་ང་ལ་དབང་བ་མིན། ཁྱོད་ཀྱི་ཕུག་བསམ་འཚོལ་བསྙེག་གིས་ཕུག་བསམ་དང་བདེན་དོན་གྱི་ཆེད་དུ་ཧུར་བརྩོན་བྱེད་དགོས།
ཝུའུ་ཧུང་ཏ་ཡིས།
༢༠༡༢ ལོའི་ཟླ་༥ ཚེས་༡༩ ཉིན།