ཀུན་གླེང་བརྙན་འཕྲིན་ལེ་ཚན་ལ་བལྟས་པའི་ཚོར་སྣང་སྐྱུར་མོ།
ཁ་སང་དགོང་མོ་ལྷོད་ལྷོད་བྱས་ནས་ཀུན་གླེང་བརྙན་འཕྲིན་ལེ་ཚན་དུ་བལྟས་པ་ཡིན། དེ་ཡང་གཙོ་བོ་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་རིན་པོ་ཆེ་དང་བགྲོ་གླེང་རེད་འདུག ད་རེས་གཙོ་བོ་བོད་རྒྱའི་འབྲེལ་བའི་སྐོར་དང་། ལྷག་དོན་ཉེ་ཆར་རྒྱ་དམར་དྲག་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་ངོས་ནས་ཡེ་རྡོ་ཞེས་པའི་མིང་རྫུན་འོག་སྐུ་ཚབ་རྣམ་གཉིས་རྩ་དགོངས་ཞུས་པ་དང་འབྲེལ་བའི་ཆེད་རྩོམ་ཞིག་སྤེལ་བའི་ལན་འདེབས་ལྟ་བུ་ཡིན་པའི་རེ་བ་བརྒྱབ་པ་ཡིན།
འོན་ཀྱང་དོན་དངོས་ཐོག་དམིགས་བསལ་སྐུ་ཚབ་ཟུར་པ་ཁོང་གི་མི་ཚེ་གང་གི་ལས་བསྡོམས་ཀྱི་བཟོ་འདྲ་ཞིག་བཤད་སོང་ལ། དེ་ཡང་མི་འགྲིག་པ་ཞིག་གཏན་ནས་མ་རེད། ཁོང་ལ་མཚོན་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དཀའ་ལས་རྒྱག་མང་ཤོས་ཀྱི་མི་སྣ་ཞིག་ཡིན་པས། དེའི་ལས་བསྡོམས་ཀྱང་བརྒྱུད་ལམ་འདི་ལྟ་བུ་ནས་ཡོང་དགོས་པ་གལ་ཆེན་པོ་རེད། འོན་ཀྱང་ཛ་དྲག་གི་གནས་ཚུལ་ངོ་མ་དེ་བོད་རྒྱའི་ཆབ་སྲིད་ཀྱི་འབྲེལ་བ་ཛ་དྲག་ཡིན་པ་དེའི་སྐོར་བཤད་དགོས་པ་དེ་ང་ལ་མཚོན་ན་རེ་བ་ཆེ་ཤོས་ཡིན།
ཕལ་ཆེར་རྒྱ་རི་བློ་གྲོས་ཀྱིས་རྒྱ་ནག་གཞུང་གིས་དེའི་སྐོར་བཤད་པ་མཐོང་ཐོས་ཀྱང་མེད་ཚོད་རེད་བསམ་པའི་ཚོར་སྣང་ཞིག་ཀྱང་བྱུང་སོང་། ད་དུང་བློ་ཕམ་པ་ཞིག་ལ་གཙོ་སྐྱོང་བ་རྣམ་རྒྱལ་ཤསྟྲི་ཟེར་བ་དེས་དུས་རྒྱུན་ཤེས་མདོག་དང་གོ་མདོག་རྐྱང་རྐྱང་བཤད་ཀྱི་ཡོད་ཀྱང་། ཁ་སང་དགོང་མོ་ཀུན་གླེང་གཙོ་སྐྱོང་བྱེད་སྐབས་སྐུ་ཚབ་གཉིས་དགོངས་པ་ཞུས་པའི་སྐོར་ལ་རྒྱ་ནག་གཞུང་གིས་ད་བར་ཚིག་གཅིག་བཤད་མ་སོང་ཞེས། ཚིག་ཐག་བཅད་ནས་བཤད་སོང་། དོན་དངོས་ཐོག་གོང་དུ་ཞུས་པ་བཞིན་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ནས་ཡེ་རྡོའི་མིང་ཐོག་ནས་དཔྱད་བརྗོད་བདུན་ཕྲག་གཅིག་གི་སྔོན་ནས་སྤེལ་སོང་། དེ་ལ་ཐུགས་སྣང་ཙམ་ཡང་མ་གནང་བ་ནི། བརྒྱུད་ལམ་གྱི་སྣེ་མོ་རུ་འགན་ཁུར་མཁན་ཞིག་ལ་མཚོན་ན་བློ་ཕམ་གྱི་རང་བཞིན་ཞིག་རེད།
ད་དུང་རྒྱ་རི་རིན་པོ་ཆེས་དམིགས་བསལ་སྐུ་ཚབ་ནས་དགོངས་ཞུ་དགོས་དོན་དགོངས་ཤོག་སྙན་ཞུའི་ནང་འཁོད་པ་དེ་མ་བཤད་པར། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མི་མང་ལ་རྩིས་སྤྲད་ནས་དགོངས་པ་ཞུས་པ་ཡིན་ཟེར་ལ། ད་བར་ལས་ཀ་བྱས་པ་དེ་ཡང་རྒྱལ་བ་རིན་པོ་ཆེའི་ཞབས་ཞུ་བསྒྲུབས་པ་ཡིན་ཚུལ་ལྟ་བུ་གསུངས་སོང་། ད་ལྟའི་ཆར་བོད་པ་མང་པོ་ཞིག་གི་སེམས་ངོར་སྐད་ཆ་དེ་ཧ་ཅང་འབབ་པོ་ཡོད་ཀྱང་། ང་ལྟ་བུ་ལ་མཚོན་ན་བློ་ཕམ་ཆེན་པོ་བྱུང་། དེ་ཡང་༧གོང་ས་མཆོག་གི་ཞབས་ཞུ་སྒྲུབ་པ་ཧ་ཅང་ཡག་པོ་ཡིན་ཡང་། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པ་ནས་བཟུང་ལས་མཚམས་འཇོག་དགོས་པ་དེ་འདྲ་ཞིག་ཡིན་ན། བོད་མི་རིགས་ཀྱི་ལས་དོན་ཐོག་ལ་སེམས་ཤུགས་ག་ཚོད་ཡོད་མེད་ཀྱང་ཐེ་ཚོམ་རེད།
ངས་འདི་ལྟར་འབྲི་དགོས་དོན། མཁས་དབང་ཟམ་གདོང་རིན་པོ་ཆེས་བཀའ་ཁྲིའི་ཐུགས་འགན་བཞེས་བཞིན་པའི་སྐབས་སུ་ངས་བོད་མི་རིགས་ལ་ཤ་ཞེན་དང་སེམས་ཁུར་གྱི་ཐོག་ནས་ལས་ཀ་མང་པོ་བྱས་པ་ཞིག་མིན་པར། རྩ་བའི་བླ་མའི་ཞབས་ཞུ་སྒྲུབ་པ་ཡིན་ཞེས་བརྗོད་པ་རེད། རྒྱ་རི་རིན་པོ་ཆེས་ཀྱང་དེ་མཚུངས་བཞིན་གསུངས་ཡོང་དུས། བོད་ཀྱི་སྣེ་མོ་བ་ཆེ་དྲས་དེ་ཚོའི་དགོངས་པ་བཞེས་སྟངས་ཐོག་ལ་བློ་ཕམ་བྱུང་སོང་། གལ་སྲིད་བོད་མི་རིགས་ལ་ཞབས་ཞུ་དང་། བོད་ཀྱི་བདག་དབང་སླར་གསོའི་ཆེད་དུ་དམིགས་པ་ཞིག་མ་ཡིན་པར། བོད་རྒྱ་ཞི་མོལ་དང་བོད་ཀྱི་བཀའ་བློན་ཁྲི་པ་སོགས་ཀྱི་འགན་བཞེས་པ་བླ་མའི་ཞབས་ཞུ་ཞུས་པར་ངོས་འཛིན་གནང་གི་ཡོད་ན། ཆོས་ཕྱོགས་ནས་འོས་འཚམས་ཤིག་ཡིན་སྲིད་ཀྱང་། ཆབ་སྲིད་ཐོག་ནས་དེ་ཙམ་འོས་པོ་མེད།
དེ་རིང་ངས་སྡུག་སྐད་རྒྱག་དགོས་དོན་གཙོ་བོ་ནི། རྒྱ་དམར་གཞུང་གིས་ཏཱ་ལའི་སྐུ་སྒེར་གྱི་གནད་དོན་ལས་བོད་ཀྱི་གནད་དོན་ཟེར་བ་ཞིག་མེད་ཟེར་བ་དང་། བཙན་བྱོལ་ནང་གི་དབུ་ཁྲིད་ཚོས་ཀྱང་དེ་མཚུངས་བཞིན་༧གོང་ས་མཆོག་སྐུ་སྒེར་ལ་ཞབས་ཞུ་ལྟ་བུའི་ཀུན་སློང་ཁུར་ནས་ལས་དོན་སྒྲུབ་པ་ལས། བོད་མི་རིགས་ཀྱི་ཆེད་དུ་མིན་ཞེས་བརྗོད་པ་གོ་ཡོང་དུས། དོན་དུ་རྒྱ་གཞུང་གིས་བརྗོད་པ་བཞིན་༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ལས་བོད་མི་རིགས་ཀྱི་གནད་དོན་ཞེས་པ་མེད་པ་ལྟ་བུར་གྱུར་ཡོད་ཀྱང་། ༧གོང་ས་མཆོག་གིས་དུས་རྒྱུན་ང་ཤཱཀྱའི་དགེ་སློང་ཞིག་ལ་སྒེར་དོན་གང་ཡང་མེད། ངས་བཤད་བསྡད་པ་དེ་ཡང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱི་དོན་ཡིན་ཞེས་ཡང་ཡང་གསུངས་བསྡད་པ་དེ་དང་ཅུང་མི་མཐུན་པ་ལྟ་བུར་གྱུར་ཡོད་པའི་ཚོར་སྣང་ཡོང་གི་འདུག
འོན་ཀྱང་ངའི་ཚོར་སྣང་དེ་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ཙམ་ལས་རྒྱུ་མཚན་དང་གནས་ལུགས་ཅན་ཞིག་མིན་པའི་རེ་བ་ང་རང་ལའང་ཡོད། འོན་ཀྱང་གནད་དོན་འདི་རིགས་ལ་བསམ་བློ་བཏང་བའི་སྐབས་སུ་དག་སྣང་ག་ཚོད་སྦྱང་ཡང་ཚོར་སྣང་འདི་ལས་ལྷག་ཅིག་གཏན་ནས་ཡོང་གི་མི་འདུག་པས། ང་ནོར་ཡོད་པར་ཤོག ང་ནོར་ཡོད་པར་ཤོག ང་ནོར་ཡོད་པར་ཤོག་ཅེས་སྨོན་ལམ་འདེབས་བཞིན་ཡོད།།
རྒྱ་གཞུང་གིས་སྤེལ་བའི་རྩོམ་ཡིག་འདིར་གཟིགས། http://tb.tibet.cn/2010sy/tj/201206/t20120627_1755567.html