ཚོར་སྣང་སྐྱུར་མོའི་འཕྲོས་མོལ།
བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་བྲིས་པའི་(ཀུན་གླེང་བརྙན་འཕྲིན་ལེ་ཚན་ལ་བལྟས་པའི་ཚོར་སྣང་སྐྱུར་མོ།)ཞེས་པ་བཀླགས་པའི་འཕྲོས་མོལ་ཐུང་ངུ་ཞིག་འགོད་པ་ལ།
ཐོག་མར་འཐབ་གྲོགས་ཚུལ་ཁྲིམས་ལགས་ཀྱིས་གསུངས་པ་ཁག་ལ་རྗེས་སུ་ཡི་རངས་ཡོད། ད་དུང་རྒྱ་རི་རིན་པོ་ཆེས་གོ་སྐབས་གང་རྙེད་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། ཨ་རིའི་བོད་ཀྱི་ཐེབས་རྩ་གལ་ཆེན་ཡིན་སྐོར་བཤད་སྲོལ་འདུག་པ་ལྟར་ད་ལན་གྱི་ཀུན་གླེང་ནང་བོད་རྒྱའི་གནད་དོན་ལས་ཀྱང་དེ་གལ་ཆེ་མདོག་བསྐྱར་བཤད་གནང་བ་ལྟ་བུའི་ཚོར་སྣང་མ་འདྲ་བ་ཞིག་བྱུང་།
༸གོང་ས་མཆོག་གི་སྐུ་ཚབ་དགོངས་ཞུས་སྐོར་ལ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་ནས་ཅི་ཡང་བཤད་མེད་པ་ལྟ་བུ་ཀུན་གླེང་གཙོ་སྐྱོང་པ་དེ་དང་སྐུ་མགྲོན་གཉིས་ཀས་ངོས་འཛིན་བྱས་སོང་བ་དེ་ཡང་སྐབས་དོན་ལ་སྣང་ཆུང་བཏང་བ་ཞིག་ལོས་ཡིན།
(བཀྲ་རྣམ་ལགས།)རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་བགྲེས་ཡོལ་བཏང་བ་རེད་ཟེར་ནས་བརྒྱུད་ལམ་ཁག་ཏུ་བཤད་སོང་བ་དེའི་འབྱུང་ཁུངས་ཧོང་ཀོང་གི་གསར་འགྱུར་ཞིག་རེད་འདུག་ཀྱང་ད་ལྟ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཁྲིད་ཀྱི་མིང་ཐོའི་ནང་ཀྲུའུ་ཝེ་ཆོན་གྱི་མིང་མུ་མཐུད་བཞག་འདུག་པ་མ་ཟད། གསར་འགྱུར་དེ་ཐོན་རྗེས་ཁོས་ཕྱོགས་བསྐྱོད་ཅིག་བྱས་པར་གོ་གནས་དང་མིང་སོགས་རང་སོར་བཀོད་འདུག་པས་དེ་བདེན་པ་ཡིན་མིན་ད་ལྟ་ཁ་ཚོན་ཆོད་ཡོད་མ་རེད་ལགས།
གཞན་ཡང་བོད་ཀྱི་གྲོས་ཚོགས་དང་སྲིས་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་དེང་གི་ན་གཞོན་དང་མ་འོངས་འགོ་ཁྲིད་ཅེས་པའི་མཐོ་སློབ་ཀྱི་ཟབ་སྦྱོང་ནང་ ༢༠༡༢།༥།༢༦ ཉིན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་བཀའ་ཤག་སྐབས་ ༡༢ པ་དང་ ༡༣ པའི་རིང་བོད་རྒྱ་འབྲེལ་མོལ་གནང་བ་དེ་བོད་དོན་བདེན་མཐའ་གསལ་ཐབས་ཆེད་མིན་པ་དང་། རྒྱལ་སྤྱིའི་ཐོག་དོ་སྣང་སླེབས་ཆེད་ཡིན་སྐོར། སྐབས་ཤག་སྐབས་ ༡༤ པའི་ཀྱང་དེ་ལྟར་ངོས་འཛིན་གནང་གི་ཡོད་རྒྱུ་རེད་ཅེས་གསུངས་སྐོར་ ༢༠༡༢།༥།༣༡ ཉིན་གྱི་བོད་ཀྱི་དུས་བབ་ཚགས་ཤོག་ནང་འཁོད་འདུག་ཀྱང་དེ་ལ་ང་ཚོའི་སྤྱི་ཚོགས་ནང་ཆབ་སྲིད་ཐད་ཚོར་སྣང་དང་དོ་སྣང་ཡོད་མདོག་སྟོན་མཁན་སུས་ཀྱང་ད་བར་འགྲིག་མིན་གྱི་གནས་ཚུལ་བཤད་མཁན་མ་མཐོང་ཡང་། ད་ལྟའི་དབུ་མའི་ལམ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སྐོར་ཡིན་པ་ནི་གོང་འོག་ཚང་མར་ཕྱི་གསལ་ནང་གསལ་རེད། བོད་རྒྱ་འབྲེལ་མོལ་གྱི་སྙིང་དོན་ཁོང་གིས་གསུངས་པ་ལྟར་ཡིན་ཚེ་དབུ་མའི་ལམ་ནི་བོད་དོན་བདེན་མཐའ་གསལ་ཆེད་མིན་པ་གསལ་པོ་ཆགས་ཀྱི་མི་འདུག་གམ།