བླ་གྲྭ་ཚོའང་མི་ཡིན།
ཕྱི་ཚུལ་ཙམ་གྱིས་རིན་ཐང་གླེང་བ་ནི་རིན་ཐང་གི་ལྟ་ཚུལ་དང་རིན་ཐང་གླེང་ཚུལ་ཡང་དག་པ་ཞིག་མིན། རིན་ཐང་གླེང་བའི་བརྒྱུད་རིམ་གྱི་ཁྲོད་དུ་ངེས་པར་དུ་ཤེས་དགོས་པ་ཞིག་ནི་གང་ཞིག་གི་རིན་ཐང་དང་དགེ་སྐྱོན་སོ་སོར་ལེགས་འབྱེད་ཐུབ་དགོས་པ་དེ་ཡིན།
རིན་ཐང་གི་ལྟ་ཚུལ་ནི་མི་རེ་རེའི་དཔྱོད་ཤེས་ཀྱི་ནུས་ཤུགས་དང་འབྲེལ་བའི་ཐོག་ནས་ཅི་རིགས་ཡོང་སྲིད་ཀྱང་། སྤྱི་ཚོགས་དང་། མི་རིགས་ཀྱི་དགོས་མཁོའི་ཕྱོགས་སུ་བསྙེག་པའི་ལེགས་བྱས་ནི་རིན་ཐང་ལྟ་བུའི་ཁ་ཕྱོགས་ཀྱི་དམིགས་འབེན་ཡང་དག་པ་ཞིག་ཡིན་དགོས།
རིན་ཐང་གི་ལྟ་ཚུལ་འདི་འདྲ་ཞིག་གིས་བོད་ཀྱི་སྤྱི་ཚོགས་ལ་བལྟས་ན་བླ་མ་དང་གྲྭ་བ་ཚོར་བོད་ཀྱི་སྤྱི་ཚོགས་ཀྱི་དགེ་མཚན་ངོས་ནས་མཛད་རྗེས་ཆེན་པོ་ཡོད། ད་སྐབས་བོད་མི་རིགས་ལ་ངོམ་དུ་འོས་པ་དང་སྤོབས་པར་འོས་པའི་དགེ་མཚན་གྱི་ཕྱོགས་ཡང་དག་པ་ཞིག་ཡོད་པ་ནི། བོད་མི་རིགས་ཀྱི་མཚོན་རྟགས་དང་དཔུང་གཉེན་དམ་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་རིགས་ཀྱི་རྒྱུད་ཀྱི་ཡ་རབས་བཟང་པོའི་གོམས་གཤིས་དང་ཀུན་སྤྱོད་དག་ཡིན། དེ་མིན་གྱི་ལེགས་ཕྱོགས་དང་དགེ་མཚན་གྱི་ཆ་ཡོད་ངེས་ཀྱང་གོ་ལ་ཧྲིལ་བོའི་མི་མང་དང་ཤེས་ལྡན་པའི་སེམས་ནང་གི་འོད་ཐིགས་ནི་འདི་ཙམ་ཡིན་པ་འདྲ། རྒྱུ་མཚན་ནི་ད་བར་དུ་སུས་ཀྱང་བོད་མི་རིགས་ལ་དཔལ་འབྱོར་ཀྱི་ཆ་དང་། རྣམ་པའི་ཆ། གཟུགས་སྟོབས་ཀྱི་ཆ། དེང་དུས་ཤེས་ཡོན་གྱི་ཆ། ཚན་རིག་ལག་རྩལ་གྱི་ཆ་སོགས་ནས་བསྔགས་པ་ཐོབ་མ་མྱོང་ལ་འདི་དག་གི་ཆ་ནས་འཛམ་གླིང་གི་སྡིངས་ཆར་སྐད་གྲགས་ཆོད་པའི་བོད་མི་ཆེས་ཉུང་ཉུང་ཡིན།
གླིང་འདིའི་གོ་ལ་ཧྲིལ་བོའི་མི་མང་གིས་ཆེས་མཆོག་ཏུ་བཀུར་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་ནང་ཆོས་དང་གང་གི་དགེ་རྒན་དམ་པ་བླ་གྲྭ་སོགས་ཀྱི་བྱིན་མཐུ་ལས་བྱུང་བ་ཡིན་ལ་འཛམ་གླིང་ན་སྐད་གྲགས་ཆོད་པའི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ཀྱང་བོད་ཀྱི་ནང་ཆོས་ཀྱི་བསླབ་བྱ་ལས་བྱུང་ཞིང་དེ་ཡང་ཕར་དེད་ན་ཆོས་ཀྱི་གཞུང་ལུགས་ལ་སློབ་སྦྱོང་དང་ཉམས་བཞེས་ཅན་གྱི་སྐྱེས་བུ་དམ་པ་ཚོར་ཐུག་ཡོད། དེ་འདྲའི་སྐྱེས་བུ་དེ་དག་ཀྱང་ཕལ་ཆེ་བ་གྲྭ་བ་དང་བླ་མ་ཡིན། ཆབ་སྲིད་ཀྱི་ཕྱོགས་ནས་ཀྱང་ཆོས་ཀྱིས་ཆབ་སྲིད་བརླགས་སོང་བར་བསམ་མཁན་དང་སྒྲོག་མཁན་ཡོད་ཀྱང་དེང་སྐབས་རང་ལུས་མེ་རུ་བསྒྲོན་ཏེ་འཛམ་གླིང་ཐོག་ངོ་མཚར་བའི་སྙིང་སྟོབས་ཀྱི་གསར་གཏོད་མཁན་པོ་དེ་དག་ཀྱང་ཆོས་ཀྱི་བྱིན་རླབས་དང་དད་པའི་སྟོབས་ཤུགས་ཀྱིས་གྱེན་དུ་ལངས་ཏེ་མདུན་དུ་ཐོན་བཞིན་འདུག་སྟེ་ཁོང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོར་དད་གུས་དང་ཁོང་ཉིད་ཕྱིར་བོད་ཀྱི་ཕེབས་པའི་རེ་སྒུག བོད་མི་རིགས་ཀྱི་རང་དབང་བདེ་སྐྱིད་བཅས་ཀྱི་ཆེད་དུ་ལས་གཞི་འདི་ལྟར་རྩོམ་བཞིན་ཡོད་པ་ཁོང་ཚོའི་ཁ་ཆེམས་དག་ལས་ཤེས་ཐུབ།
དེས་ན་རང་སྲོག་མེ་རུ་སྦར་བའི་མི་རིགས་ཀྱི་འཐབ་རྩོད་ནང་དུའང་ནང་ཆོས་ཀྱི་ནུས་ཤུགས་ཡོད་ལ་བླ་གྲྭའི་འཇོན་ནུས་ཀྱང་ཡོད་པ་གསལ་བོ་ཡིན། ད་དུང་རིག་གཞུང་སྲུང་སྐྱོབ་དང་། མི་རིགས་ལེགས་སྐྱེད་སོགས་ཀྱི་ལས་གཞི་གང་དུ་ཡང་བླ་མ་དང་གྲྭ་བའི་ནུས་ཤུགས་ཀྱིས་ཁྱབ་ཡོད་པ་བསྙོན་དུ་མེད། འདི་ཚོ་ནི་ཤེས་དགོས་པའི་གནད་དོན་ཡིན། ངས་འདིར་བརྗོད་བསམ་པ་ནི་བླ་གྲྭ་ཡོད་ཚད་མཆོག་ཏུ་བསྒྲུབ་བསམ་པ་མིན་ལ་ཐོབ་ཐང་རྩོད་ལེན་གྱི་དར་ཆ་འཕྱར་འདོད་པའང་དེ་བས་མིན། གང་ཡིན་ན་ཅི་ཞིག་གླེང་ཡང་ལེགས་ཉེས་འབྱེད་པའི་བློ་མིག་གིས་བལྟས་ཤིང་གླེང་དགོས་པའི་འབོད་སྒྲ་ཙམ་བསྒྲག་ཆེད་ཡིན། བླ་གྲྭ་བྱེ་བྲག་པ་རེའི་སྡིག་ཉེས་ཀྱིས་འོད་ཟེར་ཡོད་ཚད་མུན་དོང་དུ་གཡུག་རྐྱང་མི་བྱེད་པའི་ཆེད་དུ་ཡིན།
དེང་རབས་སྤྱི་ཚོགས་ནང་དུ་ཁ་ཡོད་ལག་ཡོད་ཀྱིས་བེད་སྤྱོད་གཏོང་བཞིན་པའི་འཕྲུལ་ཆའི་རིགས་དང་། དེ་བཞིན་ཟ་ཆས་རིགས་སོགས་གང་ལྟར་དུས་ཀྱི་འཚོ་བའི་དགོས་མཁོ་ཆེ་ཞིང་དམིགས་བསལ་གནས་བབ་ཀྱི་ངོས་ནས་དགག་བྱ་མེད་པའི་ཅ་དངོས་རིགས་ལ་ཁྱེད་ཅག་གིས་ཅི་དགར་བེད་སྤྱོད་གཏོང་བཞིན་དུ་བླ་གྲྭ་ཚོས་དེ་དག་ལ་ལག་པ་འཆང་སྐབས་མིག་ལྡིར་ལྡིར་དང་། ཁ་གསེག་གསེག་གིས་སྡིག་ཉེས་སུ་བགྲང་བཞིན་པ་ནི་དོན་དངོས་ཐོག་བླ་གྲྭ་ཚོ་མི་གྲལ་ནས་འབུད་རྩིས་བྱེད་པ་དང་མཚུངས་པས་དེ་ནི་དྲང་པོའི་ལྡོག་ཕྱོགས་སུ་ཕྱིན་པ་འབའ་ཞིག་གོ། དེའི་ཕྱིར་ངས་བླ་གྲྭ་ཚོའང་མི་ཡིན་ཞེས་པའི་དྲན་སྐུལ་འདི་ཁྱེད་ཅག་ལ་ཕུལ་བ་ཡིན།
༡༠༡༢/༦/༢༦