༄༅།། མི་ཉག་གཟན་དཀར་རིན་པོ་ཆེ་ལ་ཕུལ་བའི་དད་གསུམ་ཟླ་བའི་འཛུམ་ཟེར།
༄༅།། མི་ཉག་གཟན་དཀར་སྤྲུལ་སྐུ་ལ་ཕུལ་བའི་དད་གསུམ་ཟླ་བའི་འཛུམ་ཟེར།།
སྤྲུལ་པའི་སྐུ་མཆོག་གཟན་དཀར་རིན་པོ་ཆེ།།
མཁྱེན་དཔྱོད་མཁའ་ལྟར་ཡངས་པའི་ཐུགས་བསྐྱེད་ཀྱིས།།
བསྟན་དོན་སྒྲུབ་པའི་ཕྱག་ལས་ཆད་མེད་པར།།
ཁ་བའི་རིག་མཛོད་མགོན་དུ་ད་དུང་བཞུགས།།
ཀུན་སྤྱོད་གཙང་མའི་མཛད་སྤྱོད་མིག་ལ་མཛེས།།
འདོད་ཆུང་ཆོས་ཤེས་བརྟེན་པའི་བྱ་བྲལ་པ།།
ལྟ་སྒོམ་མཐོན་པོའི་ཟླ་བའི་འོད་དཀར་ཅན།།
རྒྱལ་བསྟན་མཛེས་པའི་གཙུག་རྒྱན་ཁྱེད་མིན་སུ།།
སྐད་རིགས་སྣ་ཚོགས་མཁྱེན་པའི་ལོ་ཙྭ་པ།།
བཅུ་ཕྲག་རིག་པའི་བང་མཛོད་ཁྱེད་ལ་དབང་།།
གཞན་དོན་རྐྱང་རྐྱང་མཛད་པའི་བཤེས་གཉེན་ཁྱེད།།
སྙིགས་མའི་དུས་སུ་ཁྱེད་ཉིད་རེ་ཟུང་ཙམ།།
ང་དགུའི་ཁྲག་གི་ལོ་ཟླ་འཁྱིལ་ན་ཡང་།།
དཀའ་སྤྱད་སྡུག་རུས་དུས་མའི་ཁུགས་སོ་ནས།།
སྙིང་སྟོབས་དམ་བཅའི་མགོ་བོ་མ་སྨད་པར།།
བསྟན་དོན་བསྒྲུབས་པའི་གསེར་འོད་འཁྱིལ་ལ་ལྟོས།།
གསེར་ལྗོངས་ཁམས་ཕྱོགས་ཡུལ་ནས་ལྡོམ་བུ་ངས།།
བཅོས་མིན་དད་གསུམ་དཀར་པོ་དེང་འགྲོགས་ཏེ།།
རྒྱང་རིང་ཡུལ་གྱི་བསྐལ་བའི་ཡུལ་གྱར་ངའི།།
དད་གདུང་ལྷོ་ཡི་རོལ་མཚོ་ཁྱེད་ཕྱོགས་འཕྱུར།།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་
བཞུགས་སྒར་རྡ་རམ་ས་ནས་མཁས་དབང་གཟན་དཀར་རིན་པོ་ཆེ་ཁོང་གི་སྐུ་དངོས་སུ་
མཇལ་མྱོང་མེད་ན་ཡང་རང་ལ་དམིགས་གསལ་གྱི་འབྲེལ་བ་ཅི་ཡང་མེད་མོད་ཁོང་གི་
གསང་གསུམ་གྱི་ཡོན་ཏན་མཐོང་སྐབས་བཅོས་མིན་དད་གདུང་གིས་ཡང་ཡང་
བསླངས་སྐབས་སུག་བྲིས་བགྱིས་སོ།། ༢༠༡༢ ༧ ༡༣