རིགས་རྒྱུད་དར་སྤེལ།
ནུབ་ཕྱོགས་སུ་འཕུར་བའི་གྲོགས་པོ་ཞིག་དང་ཁ་བརྡ་བྱས་རྗེས་ཐོལ་བྱུང་དུ་གྲོགས་པོར་སྨྲས་པའི་གཏམ་ཁ་ནས་གང་ཐོན།།
༄༅། །དབེན་པའི་གནས་སུ་དམ་ཆོས་སྒྲུབ་དུས་སུ།
གྲོང་མཐར་ཁྱིམ་པ་སུན་སྦྱིན་ལས་ལ་གཞོལ།
སྐྱ་སར་བབ་སྟེ་རིགས་རྒྱུད་སྤེལ་དུས་སུ།
སྤྱི་ཚོགས་དཀྲུགས་རྒྱུའི་འགན་ཞིག་ཕྲག་པར་འཁྱེར།
རྟོགས་སད་མིང་རྐམ་ཞིག་ལ་ཆགས་ཆེ་བས།
ཡབ་མེས་བཟང་པོའི་སྲོལ་རྒྱུན་རྡོག་པས་བརྫིས།
ནུབ་ཕྱོགས་དཔལ་ཡོན་ཆེ་རབ་གླེང་ན་ཡང་།
རང་ཉིད་གཞན་གྱིས་བྲན་དུ་བཀོལ་འདི་འཆར།
མི་རིགས་ལ་རྒྱ་ཡིད་ལ་བཅངས་ན་ཡང་།
ལག་ལེན་མདའ་རྩེ་ནང་དུ་གཏད་པ་ལས།
དགྲ་གཉེན་ངོ་མ་ཤེས་པའི་དུས་འདི་ལ།
ཞེན་པ་གཏིང་ནས་ལོག་ཀྱང་སྐྱབས་ཐབས་ཅི།
དམ་ཆོས་འོ་མའི་གསོས་པའི་སྤྱང་ཕྲུག་ལ།
སྙིང་རྗེ་བསམ་པ་སྐྱེ་རེ་བྱས་པ་བླུན།
སྟག་ཕྲུག་མུ་གེའི་འཆི་བ་སྐྱོབས་བསམ་ན།
རང་ཉིད་འཆི་བའི་སྟ་གོན་བརྩམ་དང་འདྲ།
སྐྱ་སར་བབ་ཀྱང་རིགས་རྒྱུད་གཙང་མ་སྤེལ།
བོད་དོན་ཐབས་བརྩོད་དེ་ཡི་གོང་ན་མེད།
སྔོན་ཆད་སྦྱངས་པའི་གཞུང་ལུགས་ཡང་ཡང་སོམས།
ནང་གི་སྡུག་ངལ་སེལ་བའི་སྨན་མཆོག་ཡིན།