འདས་དང་ད་ལྟའི་སྣང་བརྙན་གསོན་པོ།
གནམ་ནས་མ་བབས་པའི་སེར་རྒོད་དྲག་པོ།།
ལྗོན་ཆུང་ཐང་སྐྱེས་ཀྱི་ཚལ་ལ་འཁུ་སྐད།།
ས་ནས་མ་སྐྱེས་པའི་དུག་སྡོང་ངར་མོ།།
སྐྱེ་འགྲོའི་སྲོག་དབུགས་ཀྱི་ཟས་ལ་རྔམ་སྐད།།
གཅིག་འདུས་གཡོ་ཆེན་གྱི་རང་འགྲོས་མྱུར་མོ།།
ཁ་འཇམ་སྦྱོར་རྩུབ་ཀྱིས་རྟ་ལ་བརྒྱུས་པས།།
མ་བོས་རང་ལྷགས་ཀྱི་བཅུ་གསུམ་མགྲོན་པོ།།
མ་བསམ་ལྡོག་ཕྱོགས་ནས་ཁད་ཀྱིས་ལྡང་སྐད།།
རང་གསོན་གཞན་འཆི་ཡི་ཐབས་ལམ་ཟབ་མོ།།
བརྡ་བརྒྱུད་གཏད་རྒྱ་ཡིས་ལག་ཏུ་བཞེས་ཚེ།།
གསང་ཚིག་མ་ཐུབ་པས་ཡུག་ཅིག་འཁོར་ནས།།
དུམ་ཙམ་ཆད་པ་དེའི་ཐུན་མོང་ཉེས་སྐད།།
བཀའ་གསར་མངའ་ཐང་གི་ཟིལ་འོད་འཕྲོས་ཚེ།།
ཐེག་གཞན་རྒྱུ་སྐར་ཚོགས་བག་ལ་ཞ་བའི།།
ཉེར་བསྡོག་གཏིང་གནག་གི་ཁ་གཡང་སྙན་མོ།།
ཞི་འཇམ་རིས་མེད་འདིའི་ཕག་ན་འཐས་སྐད།།
དགོས་མཁོ་ཡོད་དུས་སུ་མཐོ་ཙམ་མཐོ་ཙམ་བཏེག།
དེ་མིན་རྟག་པ་རུ་རྐང་པའི་ཤུགས་ཀྱིས་མནན།།
བཀྱགས་ཕབ་བར་གསེང་གི་རྡེལ་འུ་མགོ་ནག་དེའི།།
སྒོ་གསུམ་བྱ་བྱེད་ཀུན་དམ་ལ་བཏགས་སྐད་དོ།།
རིས་མེད་བཤད་ཤོབ་འདི་འཆལ་མོ་གཟུགས་བཟང་འདྲ།།
ཆིག་སྒྲིལ་འཆམས་མཐུན་ཡང་དཔའ་བོ་ལག་ཆད་འདྲ།།
འདྲ་འདྲ་མང་པོ་ཡི་བར་ན་ལུས་པ་ཡི།།
མི་རིགས་རྩ་དོན་ནི་རྩམ་སྐྱ་རླུང་བསྐུར་རེད།།