ཐ་སྙད་གཅིག་གྱུར་ལ་འབད་དགོས།

 མི་རིགས་གང་འདྲ་ཞིག་ཡིན་ཡང་མི་རིགས་དེའི་སྐད་ཡིག་ནི་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་མཚོན་བྱེད་རྩ་བ་དེ་ཡིན་པ་དང་།  མི་རིགས་གང་ཞིག་གི་སྐད་ཡིག་ཉམས་ཆག་ཏུ་ཕྱིན་པ་ཡིན་ན་མི་རིགས་དེའི་ཐུན་མིན་རིགས་གཞུང་དང་། ཡུལ་སྲོལ་གོམ་གཤིས་དང་། འདུ་ཤེས་སློབ་གསོ་སོགས་ཀྱི་སྲོག་གི་དབང་པོ་ཆད་པ་དང་ཁྱད་པར་མེད་པས། སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་ཞེས་པ་འཛམ་གླིང་གི་མཁས་པ་རྣམས་ཀྱི་མགྲིན་གཅིག་ཏུ་བཞེད།

ལྷག་པར་དུ་གྲངས་ཉུང་མི་རིགས་སུ་གནས་ཤིང་རྒྱ་ནག་བཙན་རྒྱལ་རིང་ལུགས་ཀྱི་གནའ་གནོན་འོག་འཚོ་བཞིན་པའི་བོད་མི་རིགས་ལྟ་བུ་ཞིག་ལ་ཆ་བཞག་ན། མི་རིགས་རང་ཉིད་ཀྱི་སྐད་ཡིག་དར་སྤེལ་དང་ཡར་རྒྱས་གཏོང་རྒྱུ་ནི་བོད་མི་རིགས་ཀྱི་རྩ་དོན་ངོ་མར་ཐུག་ཡོད་པ་དེ་ལ་སུ་ཞིག་སོམ་ཉི་བྱེད། དེར་བརྟེན་ཉེ་བའི་ལོ་འགའི་སྔ་རོལ་ཞིག་ནས་བོད་ཕྱི་ནང་གཉིས་ཀྱི་མཁས་པ་དུ་མས་བོད་ཡིག་དར་སྤེལ་དང་བཀོལ་སྤྱོད། དུས་རབས་དང་མཐུན་པའི་ལམ་དུ་འཁྲིད་པའི་བྱ་བ་གང་མང་ཞིག་བརྩམས་དང་རྩོམ་བཞིན་ཡོད་པ་རེད་ལ།   ད་ལོའི་ (༢༠༡༢) ཕྱི་ཟླ་ ༧ པའི་ཚེས་ ༡༠ ཉིན་བཙན་བྱོལ་བོད་གཞུང་ཤེས་རིགས་ལས་ཁུངས་ཀྱིས་<< ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད།>> ཅེས་པའི་དེབ་འཕྲེང་བཞི་པ་དེ་དངོས་སུ་སྒོ་འབྱེད་བྱས་ཏེ།  “ང་ཚོས་བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་གཏོང་དགོས་ན། སྔོན་ལ་ཐ་སྙད་རྙིང་པ་རྣམས་དྲན་པ་མ་བརྗེད་པར་བེད་སྤྱོད་གཏོང་དགོས། དེའི་ཐོག་སྤྱི་ཚོགས་གསར་པའི་ནང་ཐོན་དངོས་གསར་པ་མང་པོ་ཡོང་གི་ཡོད་སྟབས། དེའི་རྨང་གཞིའི་ཐོག་ཐ་སྙད་གསར་པ་བེད་སྤྱོད་གཏོང་རྒྱུར་འབད་བརྩོན་གནང་དགོས་ཀྱི་འདུག ང་ཚོས་སྔོན་མ་ཡོད་བསྡད་པའི་ཐ་སྙད་ཁག་ལ་གཅིག་གྱུར་གྱི་གཏན་འབེབས་དང་། དགོས་གལ་ཆེ་བའི་ཐོན་དངོས་གསར་པ་དག་ལ་དུས་བསྟུན་གྱི་ཐ་སྙད་གསར་པ་རེ་འདོགས་རྒྱུ་གལ་ཆེན་རེད།” ཅེས་བསྒྲགས་སོང་། འོན་ཀྱང་གཏན་འབེབས་བརྡ་ཆད་ཀྱི་དཔེ་དེབ་དེ་མང་ཚོགས་ནང་ཡོངས་ཁྱབ་འགྲེམ་སྤེལ་མ་བྱུང་བར་བརྟེན། ངས་དེ་རིང་དཔེ་དེབ་དེ་ངོ་སྤྲོད་མདོར་བསྡུས་ཤིག་དང་འབྲེལ་རང་ཉིད་ཀྱི་མཐོང་སྣང་ཅུང་ཙམ་ཞིག་འབྲི་འདོད་བྱུང་། དེ་ཡང་ཁུངས་ལྡན་གནས་ཚུལ་ལྟར་ན་ཐོག་མར་ཕྱི་ལོ་ ༢༠༠༤ ཡི་སྔོན་གྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཤིག་གི་སྐབས་སུ་ཐ་སྙད་གཅིག་གྱུར་སྐོར་གྱི་བགྲོ་གླེང་བྱུང་ཡོད་པ་དང་།  རྗེས་སུ་གཞུང་གི་གོ་སྒྲིག་འོག་དམིགས་བསལ་མཁས་པའི་བགྲོ་གླེང་དང་གྲོས་བསྡུར་བྱས་པ་བརྒྱུད། ཕྱི་ལོ་ ༢༠༠༥ ལོར་ཤེས་རིག་ལས་ཁུངས་རྩོམ་རིག་སྡེ་ཚན་གྱིས་འགོ་འཛུགས་བྱས་ཏེ་ད་ལྟའི་བར་དེབ་ཕྲེང་བཞི་པར་སྐྲུན་བྱས་ཟིན་པ་རེད་འདུག།  ཚིག་མཛོད་འདི་དག་གི་ནང་ཐ་སྙད་བསྡུ་ལེན་ཀྱི་གཞི་བཅོལ་ས་གཙོ་བོ་ནི་རྒྱ་གར་གྱི་ཐ་སྙད་གཏན་འབེབས་ལས་ཁུངས་ཆེ་ཤོས་ཤིག་ཡིན་ཞེས་བརྗོད་ཡོད་པ་དང་། ཐ་སྙད་གཏན་འབེལ་བྱེད་སྟངས་ནི་ཐོག་མར་བཙན་བྱོལ་བོད་གཞུང་གི་ཁྱབས་ཁོངས་སུ་གཏོགས་པའི་བོད་ཀྱི་དཔེ་མཛོད་ཁང་དང་བོད་གཞུང་སྨན་རྩིས་ཁང་། ངྷ་ས་བོད་ཁྱིམ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། རིགས་ལམ་སློབ་གཉེར་ཁང་། ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་། ཝར་ཎ་གཙུག་ལག་སློབ་གཉེར་ཁང་། སྲོང་བཙན་དཔེ་མཛོད་ཁང་། ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་། ཤེས་བྱ་དང་བོད་མིའི་རང་དབང་རྩོམ་སྒྲིག་ཁང་། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས། བོད་ཀྱི་དུས་བབ། བོད་ཀྱི་བང་ཆེན་གསར་ཁང་བཅས་ཀྱི་སྡེ་ཚན་སོ་སོས་འབྲེལ་ཡོད་ཐ་སྙད་བསྡུ་གསོག་དང་བོད་བསྒྱུར་བྱས་ཏེ་ཤེས་རིག་ལས་ཁུངས་སུ་སྤྲད་རྗེས། ཐ་སྙད་ཕྱོགས་བསྡོམས་ཀྱིས་སློབ་སྟོན་ཚོགས་ཆུང་ལ་ཕུལ། དེ་ནས་སློབ་སྟོན་ཚོགས་ཆུང་གིས་སྣོན་བྲི་གང་དགོས་བྱས་རྗེས། ཐ་སྙད་གཏན་འབེབས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་རྒྱུན་ལས་ཁང་གིས་མཐའ་མའི་གཏན་འབེབས་ཚོགས་ཆུང་ལ་ཕུལ་ནས་སླར་ཡང་མིང་ཚིག་རེ་རེ་བཞིན་གོ་བསྡུར་བྱས་དེ་གཏན་འབེབས་བྱེད་ཀྱི་ཡོད་པ་དང་། མཐར་བོད་གཞུང་བཀའ་ཤག་གི་བཀའ་འཁྲོལ་ཐོབ་རྗེས་དཔར་སྐྲུན་འགྲེམ་སྤེལ་བྱེད་ཀྱི་ཡོད་པ་རེད་འདུག  ཡིན་ནའང་དོན་དངོས་ཐོག་གོང་འཁོད་སྡེ་ཚན་དེ་དག་གིས་དོན་ཕན་ལྡན་པའི་བརྡ་ཆད་མཁོ་སྤྲོད་བྱེད་ཐུབ་ཀྱི་མེད་པ་དང་། བརྡ་ཆད་གཏན་འབེབས་རྩོམ་སྒྲིགས་པ་སོགས་ལས་མི་ཧ་ཅང་ཉུང་བས་དཀའ་ངལ་འཕྲད་ཀྱི་ཡོད་འདུགགཏན་འབེབས་བརྡ་ཆད་དམ་ཚིག་མཛོད་དེ་དག་གི་ནང་དུ་འཛིན་སྐྱོང་དང་དངོས་ཁམས། རྫས་སྦྱོར། གསོ་བ་རིག་པ། སྐར་རྩིས། སྐྱེ་དངོས། རྩི་ཤིང་། ས་དཔྱད་རིག་པ། སེམས་ཀྱི་ཚན་རིག ཨང་རྩིས། ཟློས་གར། རོལ་མོ། ཆ་འཕྲིན། ལག་རྩལ་དང་འབྲེལ་བའི་ཐ་སྙད་ཕྱོགས་བསྡོམས་ ༥༠༠༠ ཙམ་གཏན་འབེབས་བྱས་ཡོད་པ་དང་། ཐ་སྙད་སྒྲིག་སྟངས་ནི་དང་པོར་དབྱིན་ཡིག་གི་ཐ་སྙད་རྩ་བར་བཀོད་པའི་རྗེས་སུ་བོད་ཀྱི་སྐད་དོད་ཅིག་སྤྲད་དེ་དབྱིན་བོད་ཤན་སྦྱར་བྱས་པ་དང་། དེ་ལ་བོད་ཡིག་ཐོག་ངེས་ཚིག་གམ་འགྲེལ་བཤད་རེ་བརྒྱབ་འདུག བརྡ་ཆད་དམ་ཐ་སྙད་རེ་རེ་ལ་ཚག་བར་བཞི་ནས་ལྔའི་བར་དུ་ཡོད་པ་མང་ཞིང་དེ་ལས་མང་བའི་ཚག་བར་ཅན་གྱི་བརྡ་ཆད་ཡང་འདུག་པས། ཁ་ལ་ཧ་ཅང་གོམ་པར་མ་གྱུར་ན་བརྗོད་བདེ་མིན་གྱི་དཀའ་ངལ་ཆེན་པོ་འཕྲད་སྲིད་པ་ལྟར་དུ་སྣང་ལ། གཞན་ “Politication ཆབ་སྲིད་ཀྱི་ངོ་བོ་སྒྱུར་བ།” ཅེས་པ་ལྟ་བུའི་མིང་ཚིག་གཉིས་སུ་ཕྱེ་ཚིག་གི་ངོ་བོར་སོང་བའི་བརྡ་ཆད་ཀྱང་མང་པོ་འདུག་པས་ཚིག་བཅད་དང་། སྙན་རྩོམ་ལྟ་བུའི་ནང་བཀོད་སྤྱོད་བྱེད་རྒྱུར་དཀའ་ངལ་མེད་དམ་སྙམ་པ་ཡང་འདུག གང་ལྟར་ད་ལྟ་བར་<< ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད།>>  དེབ་ཕྲེང་བཞི་བཏོན་ཡོད་པ་དང་། དེབ་ཕྲེང་རེ་རེ་སྒོ་འབྱེད་བྱས་པ་དང་བོད་ཡིག་ཀློག་པོ་དང་རྩོམ་པ་པོ་མང་པོ་ཞིག་གིས་ཐ་སྙད་གསར་བཟོ་དང་གཏན་འབེབས་སྐོར་ལ་གླེང་སློང་མང་པོ་བྱེད་ཀྱི་ཡོད་པ་རེད། མ་ཚད་གོང་འཁོད་ཚིག་མཛོད་དུ་ཡོད་པའི་བརྡ་ཆད་དག་ལ་ཚོགས་འདུ་དང་། དྲྭ་རྒྱའི་བརྒྱུད་ལམ་ཁག་ཏུ་དགག་པ་རྒྱག་མཁན་དང་སྐྱོན་བརྗོད་བྱེད་མཁན་ཡང་མི་ཉུང་བ་རེ་འབྱུང་བཞིན་ཡོད། དཔེར་ན་བོད་རང་བཙན་ཡིན་སྐབས་ནས་བྱུང་བའི་“དབྱིན་ཇི་”ཞེས་པའི་ཐ་སྙད་ཀྱི་ཚབ་དུ་གཏན་འབེབས་བརྡ་ཆད་ནང་”ཨིན་ཇི་”ཞེས་བྲིས་ཡོད་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ཤིག་ཀྱང་དོགས་འདྲི་དང་བགྲོ་གླེང་བྱས་ཡོད་པ་དང་། ཚིག་མཛོད་རྩོམ་སྒྲིག་པ་ཀརྨ་སྨོན་ལམ་གྱིས་སྤྱི་འཐུས་ལྷན་ཚོགས་སུ་ “དབྱིན་བོད་ཟེར་བ་དེ་དུས་རབས་ཉི་ཤུའི་དཀྱིལ་ཙམ་ལ་བོད་སྐད་ནང་སླེབས་ཏེ་རྒྱུན་འཇགས་སུ་སོང་བ་ཞིག་ཡིན་རྒྱུ་རེད། ང་ཚོའི་དཔེ་དེབ་འདི་སྟེང་“ཨིན་བོད” ཞེས་བསྒྱུར་དོན། ཡོངས་གྲགས་སུ་ English ལ་དབྱིན་ཡིག་ཟེར་གྱིན་ཡོད། འོན་ཀྱང་དབྱིན་ཡིག་ནང་གི་ E ཟེར་བ་དེ་ལ་ “དབྱེ” འབྲི་བ་ལས་ “ཨི” བྲིས་པ་ཡིན་ན་སྒྲ་གདངས་ཅུང་ཉེ་བ་ཡོད་ལ། ལྷག་པར་དུ་ “དབྱིན་ཡུལ” ལྟ་བུར་མཚོན་ན། “ཨིན་ཡུལ” ཞེས་བྲིས་ན་ཧ་ཅང་བདེ་བོ་ཡོད། ཡི་གེ་ཉུང་བ་དང་སྒྲ་གདངས་ཉེ་བ་སོགས་ཀྱི་དབང་གིས་སྔར་གྱི་དབྱིན་བོད་ལ་ཨིན་བོད་ཅེས་བྲིས་པ་ཡིན།” ཅེས་ཡིག་ཐོག་ནས་གསལ་བཤད་ཀྱང་བྱེད་དགོས་བྱུང་བ་ཡོད་པ་རེད། ད་དུང་བོད་ཡིག་ལ་དོ་སྣང་ཡོད་མཁན་མང་པོ་ཞིག་གིས་ཉེ་བའི་ལོ་འགའི་ནང་བོད་ནས་མདོ་དབུས་ཁམས་གསུམ་གྱི་མཁས་དབང་མང་པོ་མཉམ་རུབ་ཀྱིས་ཐ་སྙད་གསར་པ་མང་པོ་ཞིག་གཏན་འབེབས་བྱས་ཡོད་སྟབས། བོད་ཕྱི་ལོགས་ནས་ཀྱང་འདི་ལྟར་ཐ་སྙད་གཏན་འབེབས་བྱས་ན་ཐ་སྙད་གཅིག་གྱུར་ལ་འགོག་རྐྱེན་ཡོང་གི་ཡོད་པར་འདོད་པ་དང་། བོད་ནང་གི་ཐ་སྙད་གསར་བཟོ་བྱས་པ་དག་བོད་ཕྱི་ནང་གཉིས་ནས་གཅིག་གྱུར་བེད་སྤྱོད་དགོས་རྒྱུ་གལ་ཆེན་ཡིན་པར་འདོད་མཁན་མང་པོ་བྱུང་བཞིན་ཡོད་པ་དང་། དེའི་སྐོར་ལ་ཀརྨ་སྨོན་ལམ་གྱིས་གཏན་འབེབས་བརྡ་ཆད་རྩོམ་སྒྲིག་པའི་མིང་ཐོག་ནས་བོད་ཀྱི་དུས་བབ་གསར་འགོད་པ་ཞིག་གི་དྲིས་བར་ལན་འདེབས་བྱེད་སྐབས་“༢༠༠༧ ལོར་ང་ལ་བོད་ནང་ནས་གཏན་འབེབས་བྱས་པའི་ཐ་སྙད་གསར་པའི་དེབ་ཅིག་རག་སོང་། དེ་དག་ང་ཚོས་དཔྱད་གཞིའི་ཆེད་དུ་ཉར་ཡོད། མི་འབོར་གྱི་ཆ་ནས་བོད་ནང་དུ་མང་བ་ཡོད་ལ། ཤེས་ཡོན་པ་དང་ཐ་སྙད་སྐོར་ལ་ལས་ཀ་བྱེད་མཁན། དེ་བཞིན་བེད་སྤྱོད་གཏོང་མཁན་སོགས་བོད་ནང་དུ་མང་བ་རྩོད་མེད་རེད། དམངས་གཙོའི་ལྟ་གྲུབ་ཀྱི་ཆ་ནས་ཀྱང་བོད་ནང་གཙོ་བོར་འཛིན་དགོས་པ་ཆགས་ཡོད། སྔོན་མ་བརྒྱད་ཅུ་གྱ་གྲངས་ནང་ཚིག་མཛོད་ཅིག་བཟོས་སྐབས། བོད་ནང་གི་ཚན་རིག་སོགས་ཀྱི་རིག་གསར་བོད་སྒྱུར་བྱས་ཡོད་པའི་སློབ་དེབ་ཆ་ཚང་རག་ཐབས་བྱས་པ་ཡིན། ང་ཚོས་ལས་ཀ་བྱེད་སྐབས་ཀྱང་རྩ་འཛིན་བྱེད་ས་གཙོ་བོ་བོད་ནང་བྱེད་ཀྱིན་ཡོད། འོན་ཀྱང་། ང་ཚོའི་གཞི་བཅོལ་སའི་རྒྱ་གར་གྱི་ཐ་སྙད་གསར་པའི་དཔེ་དེབ་དག་དང་བསྡུར་བ་ཡིན་ན། བོད་ནང་ད་སྔ་གཏན་འབེབས་བྱས་ཡོད་པའི་ཐ་སྙད་ཆེས་ཉུང་ངུ་ཞིག་ལས་ཡོད་པ་མ་རེད། དེའི་ནང་འགའ་རེ་ཧ་ཅང་ཚད་དང་ལྡན་པ་ཡོད་ཀྱང་། འགའ་རེ་བརྗོད་པ་བདེ་བོ་མེད་པ་དང་ཁུངས་བཙན་མེད་པ། ཐ་སྙད་དེའི་རྒྱབ་ལྗོངས་ཀྱི་རིག་གནས་ལ་རྒྱུས་མངའ་ཡོད་མེད་ཀྱི་དབང་གིས་དོན་ལ་མི་འབྱོར་བ་སོགས་ཡོང་གིན་འདུག དེར་བརྟེན། བོད་ཕྱི་ནང་གཉིས་ཀྱི་ཐ་སྙད་གཅིག་གྱུར་ཡོང་རྒྱུ་གལ་ཆེན་ཡིན་ཡང་། སྒྱུར་སྟངས་མ་འདྲ་བའི་དབང་གིས་དངོས་པོ་གཅིག་ལ་ཐ་སྙད་གཉིས་གསུམ་རེ་ཡོང་སྲིད་པ་རེད། ཐ་སྙད་གསར་པ་གང་ཞིག་ཡིན་རུང་ཁུངས་བཙན་པ་དང་དོན་ལ་འབྱོར་རྒྱུ་གལ་ཆེན་ཡིན་སྟབས། རིམ་གྱིས་སྤྱི་ཚོགས་ཀྱིས་སྲེག་བརྡར་བྱས་ན་གཅིག་ལ་རྒྱལ་ཁ་ཐོབ་གི་རེད།” ཅེས་བཤད་པ་རེད། གང་ལྟར་དེང་སྐབས་བོད་ཀྱི་སྐད་ཡིག་ཡར་རྒྱས་ཁྱབ་སྤེལ་དང་། མདུན་བསྐྱོད་འཐུས་ཚང་གཏོང་ཆེད་ཐ་སྙད་གསར་བཟོ་དང་རྩོམ་སྒྲིག་བྱེད་མཁན་ཚོགས་པ་དང་མི་སྒེར་པ་སོགས་སྣ་ཚོགས་ཤིག་ཡོང་བཞིན་ཡོད་ནའང་། གཙོ་བོ་བེད་སྤྱོད་བྱེད་སྐབས་གཅིག་གྱུར་ཀྱི་ལག་བསྟར་བྱེད་མིན་ནི་སྐད་ཡིག་འཐུས་ཚང་དར་རྒྱས་ཡོང་མིན་གྱི་འགག་རྩར་ཐུག་ཡོད་པ་རེད། དེང་སྐབས་བོད་ནང་ལ་ཆ་བཞག་ན་བོད་ཆོལ་ཁ་གསུམ་གྱི་རིག་གཞུང་དང་བརྡ་འཕྲིན། སློབ་གྲྭ་དང་། རྩོམ་རིགས་སོགས་སྡེ་ཚན་ཧ་ཅང་མང་པོ་ནས་རྩོམ་པ་པོ་དང་། ལོ་ཙཱ་པ། ཉམ་ཞིབ་པ། ཆེད་ལས་པ་སོགས་མཁས་པ་དུ་མ་མཉམ་འཛོམས་ཀྱིས་མིང་མཛོད་རྩོམ་སྒྲིག་བྱས་པའི་ཐ་སྙད་དག་ནི་ཚོགས་པ་སྒྲིག་འཛུགས་ཁག་དང་། དགོན་པ་ཡུལ་སྡེ་ཀུན་གྱིས་གཅིག་གྱུར་བཀོད་སྤྱོད་བྱེད་པར་བརྩོན་བཞིན་པས་མ་ཚད། བཙན་བྱོལ་དུ་འང་བོད་ཡིག་ལ་དུང་ཞེན་ཡོད་པའི་མི་སྣ་མང་པོས་ཚད་མར་འཛིན་བཞིན་ཡོད། སྤྱིར་བཙན་བྱོལ་གྱི་བོད་ཡིག་རྩོམ་རིགས་གི་རྐང་འཛིན་པ་མང་ཆེ་བ་བོད་ནས་འབྱོར་བའི་ཤེས་ཡོན་པ་དང་སློབ་གྲྭ་བ། དགོན་པ་གྲྭ་ཚང་ཁག་ཡིན་པས་རང་བཞིན་གྱིས་བོད་ནང་གི་ཤེས་ཡོན་པ་དང་མཁས་པ་དག་ལ་དགའ་ཞེན་སྐྱེས་སྲིད་ནའང་། བོད་གཞུང་གི་ <<ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད།>>  ནང་སྤྱི་ཚོགས་ཀྱི་ཉིན་རེའི་འཚོ་བའི་ནང་བཀོད་སྤྱོད་བྱེད་བཞིན་པའི་ཐ་སྙད་དེ་ཙམ་མེད་པའམ་ཡོད་ཀྱང་ཁྱབ་སྤེལ་དང་དྲིལ་བསྒྲགས་ཀྱི་ནུས་པ་ཧ་ཅང་ཞན་སྟབས་ཚིག་མཛོད་དེ་ཚོ་གསར་འགྱུར་བརྒྱུད་ལམ་དུ་མཐོང་བ་ཙམ་ལས། མང་ཆེ་བ་འབྲེལ་ཡོད་སྡེ་ཚན་ཁག་གི་ཡིག་ཚང་དུ་ལྷག་ཡོད་པ་རེད། མདོར་ན་བོད་ཕྱི་ནང་གཉིས་ནས་ཐ་སྙད་གསར་བཟོ་ག་འདྲ་ཞིག་བྱས་ཀྱང་གཙོ་བོ་གཅིག་གྱུར་ཡོང་ཐབས་བརྩོན་རྒྱུ་དང་། དེ་ནས་མང་ཚོགས་ལ་དྲིལ་བསྒྲགས་དང་ཁྱབ་སྤེལ། བེད་སྤྱོད་ཀྱི་ལམ་ཁ་ཡང་དག་པ་རེ་སྟོན་རྒྱུ་གལ་ཆེད་དུ་གྱུར་ཡོད། ནགས་ཕྲན་པ་བསོད་ནམས་ཚེ་རིང་གིས། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༤ ཉིན་བྲིས།