་་་་་ཏིང་སྒྲ་་་་་

༄༅། ཏིང་སྒྲ།

དགེ་བསྐོས་བཙན་པོའི་བཅའ་ཁྲིམས་ཕྱི་ནས་བསྡམས། །སྟོན་པའི་འདུ་ཁྲིམས་ལྕི་མོ་སེམས་ནས་ལྕི། །ཞེ་མེད་གྲོགས་ཀྱི་བརྙན་བཙེར་སྙིང་ལ་སྡང། །ད་དུང་ཏིང་སྒྲའི་གཟུ་རྔུ་སྲན་དགོས་སམ།

།འདུ་བཅས་ཤ་ཁྲག་གོམ་བུ་སྲིན་བུས་མཆོད་། །ཤེས་བྱའི་ལྷ་མཛེས་ཞལ་རས་མཇལ་བར་དཀའ། །ཡིད་མཐུན་གྲོགས་ཀྱི་ཁྱུ་ལ་ཤོགས་པ་སྐྱེས། །ད་དུང་ཏིང་སྒྲའི་གཟུ་རྔུ་སྲན་ནུས་སམ། །ལག་ཟུང་རྒྱང་ལ་རྐྱང་ནས་ལྟོ་བ་འཚོ། །རང་འདོད་ཟས་ཀྱི་དྲོ་བ་མི་རྙེད་པས། །མི་འདོད་སྲན་རྡའི་ལུས་དབང་གསོ་དགོས་ཀྱང། །ད་དུང་ཏིང་སྒྲའི་དབང་འོག་བསྡད་ཐུབ་བམ། །ཤ་དང་རུས་པའི་བར་ན་གཟུ་ཞིག་ཁུར། །སྙིང་དང་གློ་བའི་བར་ན་ནད་ཞིག་ཕོག།།མགོ་དང་ཀླད་པའི་བར་ན་དཀའ་གནད་བྲལ། །ད་དུང་ཏིང་སྒྲ་རྣ་བར་སྙན་སམ་ཅི། །དོན་མེད་རུ་ཁོག་སྟོད་ཀྱི་སྟོང་ས་དེར། །འདོད་རྔ་མེ་ཆེན་འབར་གྱིན་ཁྲིའི་སྒང་ནས། །ཁ་ལྕེ་བདེ་མོས་གཞུང་ཆེན་བཤད་ན་འང་། །ཏིང་སྒྲའི་དབང་ལས་མི་ཐར་ཡིད་རེ་སྐྱོ། །གཟུགས་མེད་གདོན་འདྲི་སེམས་ལ་བཞུགས་པ་ཡིས། །ཡོད་ཚད་དུག་གསུམ་ངང་དུ་ཤོར་བ་ཡི། །རང་ཉིད་སྲང་མདོའི་ཁྱི་མོ་བཞིན་མཐོང་ཡང། །ད་དུང་ཏིང་སྒྲའི་བཀའ་ལ་ཉན་འདོད་དམ། །སྟོན་པའི་མཛད་པ་ཙམ་ཡང་ངག་ན་མེད། སྤང་རྟོགས་ཡོན་ཏན་ཟེར་བ་སེམས་ནས་དག །ཆོས་གོས་སེར་པོ་ཞིག་གི་རིན་ཐང་ལ། །བསམ་ནས་ཏིང་སྒྲར་ཆགས་པའི་གྲོགས་དེ་མཚར། །མཐོ་དང་གོ་ས་རྩོད་པའི་འགྲན་སེམས་དང། །ངོ་མདུན་སྤྲེལ་ལད་ཁྲབ་པའི་གདོང་པ་གཉིས། །གཅིག་ལས་གཅིག་མཐོ་བསམ་བཞིན་ཚེ་བསྐྱེལ་ནས། །ཏིང་སྒྲའི་གནས་ལུགས་རྗེས་སུ་བརྙེས་ཕོད་དམ། །སྦྱོང་དངོས་རྗེས་ཀྱི་རིམ་པ་མི་ཤེས་ཀྱང། །རྔ་རོལ་དུང་རྒྱ་དབྱངས་ཀྱི་སྒྲ་གྱེར་ནས། །ཤི་གསོན་མགོན་སྐྱབས་ནུས་མདོག་གྲོང་ཆོག་རྒྱུག །ཏིང་སྒྲ་འདི་ཡི་ནང་དོན་གོ་སོང་ངམ། །ཤེས་མེད་སྦྱིན་དག་དད་པའི་ཚོང་ཁང་ནས། །སྐུ་ཉིད་ཉི་ཤས་ཚོང་ལམ་རྒྱུག་ན་ཡང། །གཟིགས་ལྤགས་གྱོན་པའི་བོང་བོའི་གཏམ་བརྗོད་ལྟར། །མཐའ་མར་ཏིང་སྒྲའི་ཁྲོད་ནས་ཕམ་འདོད་དམ། །