༄༅།། མདངས་དགོང་གི་སེམས་གཞས།

 

༄༅།།  མདངས་དགོང་གི་སེམས་གཞས།

རྨི་ལམ་འོད་སྣང་འཚེར་བའི་གྲུ་ཁ་ཞིག་ནས།། 

སྒེའུ་ཁུང་རླུང་བུས་བསྐྱོད་པའི་སྔངས་སྐྲག་ཅིག་གིས།།

སེམས་ཀྱི་གསང་ལ་ཚོར་སྣང་ལྕི་མོ་བཞག་སྟེ།།

  ལུས་སེམས་གསེབ་ལ་སྐྱོ་བའི་ན་ཟུག་བསླངས་སོང་།།

 

 མཚན་མོའི་ཆར་ཤག་འབབ་པའི་ཚོར་བ་རེ་རེས།།

རྨི་ལམ་རིང་མོའི་ཁྲོད་དུ་ལོ་རྒྱུས་ནག་པོ།།

དུང་བའི་གནམ་འོག་འདི་ལ་བཞག་པའི་སྐྱུར་རྩི།། 

དྲན་པའི་ངོགས་སུ་ལྡང་བའི་སེམས་པ་གརྩབས་སོང་།། 

ལྷོ་སྤྲིན་ནག་པོ་འཕྱུར་སའི་གནམ་མཐའ་ཞིག་ནས།།

རྒྱང་རིང་རུ་ཆུ་བསྐོར་བའི་འབྱོར་མེད་བུ་ང་།།

ཆར་བ་ཤག་ཤག་བབས་པའི་མདངས་དགོང་སེམས་ལ།།

སུན་སྣང་བརྩེགས་མའི་རླུང་བུ་སེམས་ལ་གཡུགས་སོང་།།

འདི་སྣང་རྨི་ལམ་ཞིང་གི་ལོ་རྒྱུས་ཁྲོད་ན།།

མགོ་བོ་དོང་ལ་སྨད་པའི་ཁེར་རྐྱང་ཅང་མེད།། 

རྡ་སའི་རི་ཆུའི་རི་མོ་སེམས་ལ་ཕབ་སྟེ།།

སྐྱོ་སྣང་མིག་ཆུའི་ཁྲོད་ནས་སེམས་པ་བརླགས་སོང་།།

རྨི་ལམ་རྫུན་མའི་ངོགས་སུ་ཡིད་སྐྱོའི་གློག་བརྙན།། 

འཆར་སྟངས་ཤིག་གིས་སེམས་ཀྱི་སྙིང་རླུང་གྲང་མོ།།

དཀའ་སྡུག་སེམས་ལ་སྤར་བའི་གདུང་ཚོར་ནག་པོ།།

དྲན་པའི་ངོས་སུ་ཁྲག་གི་རི་མོ་བྲིས་སོང་།།

འཇིག་རྟེན་ཆོས་བརྒྱད་འདི་ཡི་བདེ་བ་ཐུང་ཐུང་།།

བརྩེ་དུང་ཞགས་པ་འདི་ཡི་རྫུན་གྱི་འཕྲུལ་འཁོར།།

སེམས་ཀྱི་རང་དབང་བརླགས་པའི་ངང་ཚུལ་མཐོང་སྐབས།།

འཇིག་རྟེན་འདི་ལ་ཞེན་པ་གཏིང་ནས་ལོག་སོང་།།

མདོ་ཁམས་ཡུལ་ནས་སྐྱེས་པའི་གསེར་སྨྱོན་འབྲོང་སྲས།།

དེ་རིང་སྐྱོ་བའི་སྣང་ཤེས་རྡ་སའི་རི་ནས།། 

སྙུག་གིས་རྩེ་ནས་ལྷུང་བའི་ཚོར་འདུ་ལྕི་མོ།།

ཤོག་དཀར་ངོས་སུ་ཕབ་པའི་སྣང་བརྙན་འདི་ཡིན།། 

བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་སྒར་རྡ་རམ་ས་ནས་ཁམས་ལྗོངས་

གསེར་རྟའི་ཡུལ་ནས་སྐྱེས་པའི་ཞོ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སུ་པས་འབོད་པས་བོད་ཀྱི་ཟློག་གར་ཚོགས་པའི་ཉེ་འགྲམ་ནས་

སུག་བྲིས་སོ།།  ༢༠༡༢  ༧ ༡༧