བོད་གཞུང་ཐ་སྙད་ཅིག་མ་རེད།
དེ་སྔའི་སྐད་ཆ་རྙིང་པ་ཞིག་འདྲེན་བཀོད་བྱས་ཏེ་དྲྭ་གྲོགས་རྣམས་འཚོ་བའི་གླེང་ཕྲན་ཞིག་ཏུ་གདན་འདྲེན་ཞུ།།
དེ་རིང་བོད་ཀྱི་དྲ་བརྙན་བརྒྱུད་ནས་ བཀའ་བློན་ཁྲི་པ་མཆོག་གིས་ “བོད་གཞུང་”དང་འབྲེལ་བའི་གསལ་བཤད་གནང་བ་དེར་ཉན་པ་ཡིན། ཁོང་གིས་ ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་རིམ་པ་དེ་གཙོ་བོར་༧གོང་ས་མཆོག་གི་སྐུ་དབང་ཕྱིར་བསྡུ་ལ་དམིགས་ཡོད་ཅེས་གསུངས་ནས། “བོད་གཞུང་”དེ་ “བོད་མིའི་སྒྲིག་འཛུགས་”ཞེས་བསྒྱུར་བ་ནི་ཞོར་འཕྲོས་སུ་སོང་བ་ཡིན་པ་ལྟ་བུ་ཞིག་གསུངས་སོང་། དེ་ཡང་། བོད་མི་དམངས་ལ་འདོད་པ་མེད་ན་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱིས་བསྐྱར་བཅོས་བྱེད་ཆོག་གི་རེད་ཅེས་གསུངས་སོང་།
ལྷག་པར་དུ། ཐེངས་འདིའི་འགྱུར་བ་དེ། ཐ་སྙད་ཙམ་ཞིག་གི་འགྱུར་བ་ཡིན་པ་མ་གཏོགས་དོན་གྱི་ཆ་ནས་དམངས་གཙོའི་ཀ་བ་གསུམ་འཛོམས་ཀྱི་གཞུང་ཞིག་མུ་མཐུད་ནས་གནས་ཡོད་པ་དང་། མུ་མཐུད་པའི་གཞུང་དེ་ཡང་ ལོ་ངོ་ ༣༠༠ ལྷག་ལ་རྒྱུན་མ་ཆད་པའི་གཞུང་དེ་ཡིན་ཞེས་གསུངས་སོང་།
ད་ “བོད་གཞུང་”ཞེས་པའི་ཐ་སྙད་འདི་བསྒྱུར་དགོས་པའི་རྒྱུ་མཚན་དེ་ཐད། མ་རེད་སྐོར་གཅིག་གསུངས་པའི་ཁྲོད།
༡. ༧རྒྱལ་བ་རིན་པོ་ཆེས་བཀའ་གནང་ནས་བསྒྱུར་བ་མ་རེད།
༢. རྒྱ་ནག་གི་གནོན་ཤུགས་འོག་ནས་བསྒྱུར་བ་མ་རེད།
༣. རྒྱ་གར་གྱི་གནོན་ཤུགས་འོག་ནས་བསྒྱུར་བ་མ་རེད།
༤. བོད་མིའི་གནོན་ཤུགས་འོག་ནས་བསྒྱུར་བ་མ་རེད།
ད་བསྒྱུར་དགོས་པའི་རྒྱུ་མཚན་ཐད།
༡. སིམ་ལ་ན་ཁ་མཆུ་ཞིག་འགྲོ་བཞིན་པ་རེད། ༼ཁ་མཆུ་གང་འདྲ་ཡིན་ངས་མ་ཤེས།༽
༢. རྒྱ་གར་ལྷོ་ཕྱོགས་ན་ཉིན་རེ་བཞིན་ཚགས་པར་སོགས་ལ་གནས་ཚུལ་ཐོན་བཞིན་ཡོད། ༼དོལ་རྒྱལ་དང་འབྲེལ་བའི་གནས་ཚུལ་དག་ཡིན་ནམ་ཡང་ན་གཞན་ཞིག་ཡིན།༽
༣. འཇར་མཱན་གྱི་ཚོགས་པ་ friedrich naumann foundation ཟེར་བས་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ལ་རོགས་དངུལ་ ཉུང་དུ་ཕྱིན་པ། ༼འདི་ཡང་ བོད་གཞུང་ཞེས་པའི་ཐ་སྙད་སྤྱད་པ་ལ་བརྟེན་ནས་ཡིན་ནམ། དེ་འདྲ་ཞིག་ངས་གོ་བྱུང་།༽
༤. མ་འོངས་པ་ལ་མིང་ཙམ་ལ་བསྙད་ནས་ དཀའ་ངལ་འབྱུང་སྲིད་པ། ༼འདི་ནི་ད་ལྟ་མེད་པའི་དཀའ་ངལ་ཞིག་རེད།༽
༥. བོད་ཀྱི་བདེན་མཐའ་མ་གསལ་བར་དུ་རྒྱ་གར་དུ་བོད་མིའི་སྒྲིག་འཛུགས་གནས་དགོས་པ།
བཅས་གསུངས་སོང་།
ད་དགོངས་ཚུལ་ཞིག་གསུངས་དང་། བསྒྱུར་དགོས་པའི་རྒྱུ་མཚན་དང་བསྒྱུར་མི་དགོས་པའི་རྒྱུ་མཚན་གཉིས་བསྡུར་ན། བསྒྱུར་དགོས་དོན་ཁྱོན་ནས་མེད་པ་འདྲ་ཞིག་མི་འདུག་གམ། དགོས་དོན་མེད་པ་ཞིག་བསྒྱུར་བ་ལ་བརྟེན་ནས། “བོད་དོན་ལ་”མི་ཚེ་བཏང་བའི་མི་ཞིག་ངུ་གི་འདུག “ང་ནི་སྐྱིད་པོ་ཁྱོན་ནས་མི་འདུག”ཟེར་མཁན་གྱི་བོད་མི་ཧ་ཅང་མང་པོ་འདུག “ད་རྡ་རམ་ས་ལ་རེ་བ་རྒྱག་རྒྱུ་ལྷག་ཡོད་མ་རེད། དེ་ལས་བོད་ནང་གི་བོད་པ་དང་གཞོན་སྐྱེས་ཚོ་རུབ་རུབ་བྱས་ཏེ་ལས་འགུལ་ཞིག་རྩོམ་དགོས་འདུག”ཅེས་གསུངས་མཁན་འདུག
འདི་ནི་དགའ་མི་དགའི་རྩོད་པ་ཞིག་མ་རེད་ལ། ཐ་སྙད་ཅིག་འགྲིག་མི་འགྲིག་གི་རྩོད་པ་ཡང་མ་རེད། འདི་ནི་གཞུང་ཞེས་མི་མང་གིས་རེ་བ་བཅོལ་ས་ཞིག་ སྒྲིག་འཛུགས་སུ་གྱུར་པའི་གནད་དོན་དེ་རེད། གཞུང་དེ་ཡང་བཀའ་བློན་ཁྲི་པ་མཆོག་གིས་གསུངས་པ་ཇི་བཞིན། ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་གཞུང་ཞིག་རེད། ད་ང་ཚོར་ “བོད་གཞུང་”ཟེར་བའི་ཐ་སྙད་འདི་སྦྱོར་ས་ཞིག་ས་སྟེང་འདི་ནས་མེད་སོང་བ་རེད།
ངས་ རང་གི་སྐྱེས་ཡིག་དང་གཉེན་སྒྲིག་གི་ཡི་གེ་ལ་བལྟས་པ་ཡིན། ལས་ཤོག་གཡོན་ཐད་ན། དབྱིན་ཡིག་ཏུ། Department of Home Affairs, Central Tibetan Secretariat of His Holiness the Dalai Lama ཞེས་འཁོད་འདུག དེའི་གཡས་ངོས་ཀྱི་ཐོད་དུ་ “བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་”ཞེས་འཁོད་པའི་གངས་སེང་གི་ལས་ཐམ་དེ་འདུག དེའི་གཤམ་ན་ཡང་བསྐྱར་གངས་སེང་གི་ཐེལ་དང་ བདེ་དོན་ལས་ཁུངས་ཀྱི་མཚན་རྟགས་བཀོད་འདུག ཡིག་ཆ་འདི་འདྲ་ད་ཡང་བསྐྱར་ཡོང་རྒྱུ་ཡོད་དམ།
ངས་ ད་བར་དུ་ སྐྱེས་ཡིག་དང་གཉེན་སྒྲིག་གི་ཡི་གེ་དགོས་ ཞེས་བརྗོད་མཁན་ཡོངས་རྫོགས་ལ་ཡི་གེ་འདི་སྤྲད་པ་ཡིན། དྲི་བ་གཅིག་ཀྱང་མེད་པར་ངོས་ལེན་བྱེད་རྐྱང་བྱས་སོང་། ངའི་སྐྱེས་ཡིག་གིས་སྐྱེས་ཡིག་གི་གོ་ཆོད་པ་རེད། ངའི་གཞུང་དེ་གཞུང་འབྲེལ་གྱིས་ངོས་ལེན་བྱེད་མཁན་མེད་པ་བདེན་མོད། ངས་རང་གི་གཞུང་གིས་གནང་བའི་ཡིག་ཆ་འཁྱེར་ནས་ ང་འཛམ་གླིང་དུ་བོད་མི་ཞིག་ཡིན་པའི་ར་སྤྲོད་བྱེད་ཐུབ་ལ། ངའི་གཉེན་སྒྲིག་གི་དཔང་རྟགས་ཀྱང་དེས་ཐུབ།
ད་དུང་“བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་”ཞེས་པའི་གཞུང་འདི་ ཉེ་ཆར་ཡིག་ཐོག་ནས་ཡལ་བར་གྱུར་པའི་ཉིན་མ་དེ་བར་དུ་ “བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་”ཞེས་པའི་གཞུང་འདི་གསོན་པོ་ཡིན། གཞུང་འདི་ལ་ཚེ་སྲོག་ཡོད། ད་ནི་གཞུང་འདི་ མ་ཤི་གོང་ནས་བསད་པ་དེ་ལ་འགྱོད་པ་བྱེད་རྒྱུ་ལས་གཞན་ལྷག་མེད་པ་འདྲ།
འགྱོད་པ་སྐྱེས་མཁན་གྱི་བོད་མི་ག་ཚོད་ཡོད་དམ། ངས་ངོ་ཚོར་བའི་མི་གྲགས་ཅན་གཉིས་ལས་གཅིག་ནི་ངུ་གི་འདུག གཞན་དེ་ནི་ཧ་ཅང་སེམས་ཕམ་གྱི་འོག་ན་འདུག གཞུང་འདི་ “དབུ་མའི་ལམ་གྱི་སྲིད་བྱུས་”མགོ་བཙུགས་པ་ནས་རིམ་གྱིས་སྒོ་བརྒྱབ་པ་མ་ཡིན་ནམ་ཞེས་རྩོམ་ཡིག་འགའ་ལ་འཁོད་འདུག ལོས་ཡིན། བོད་རྒྱ་ནག་གི་ཆ་ཤས་བྱེད་རྒྱུ་ཁས་བླངས་པའི་ཉི་མ་དེ་ནས་ “བོད་གཞུང་”ཞེས་པའི་མིང་ཚིག་དང་འབྲུ་དོན་གཉིས་ཀ་དུས་གཅིག་ཏུ་སྤངས་པ་རེད། དེ་ལ་དཔག་པའི་རྩོམ་ཡིག་ཀྱང་མང་པོ་ཞིག་བྱུང་བ་རེད། འོན་ཀྱང་། “མཐའ་མའི་ཐག་གཅོད་དེ་བོད་མི་མང་གིས་བྱེད་ཀྱི་རེད།”ཅེས་གསུངས་ནས་རེ་བ་རྒྱག་ས་ཞིག་ཡོད་བསྡད་པ་རེད། རེ་བ་དེ་དང་ཆབས་གཅིག་ཏུ། ཀ་བ་གསུམ་ལྡན་གྱི་བཙན་བྱོལ་ནང་གི་མང་གཙོའི་གཞུང་དེ་ལ་ འོས་འདེམས་ཀྱི་ཐོག་ནས་ཚ་ཚ་འུར་འུར་བྱས་པ་རེད། བཀའ་བློན་ཁྲི་གསར་ཞིག་འདམས་ནས་ དེའི་དྲོད་མ་ཡལ་གོང་དེར་ “བོད་གཞུང་”ཞེས་པའི་མིང་ཚིག་འདི་གཤིན་ཡུལ་དུ་བསྐྱལ་བ་རེད། ད་ནི། སྒྲིག་འཛུགས་ཤིག་གི་བཀའ་བློན་ཁྲི་པ་ཞེས་པ་འདིས། “གཞུང་”ཞེས་པའི་ཐ་སྙད་ཙམ་ཡང་མེད་པའི་སྒྲིག་འཛུགས་ཤིག་གི་འགོ་གཙོ་བྱེད་རྒྱུ་ཡིན་པ་རེད།
ཧ་ཅང་བློ་ཕམ་པ་ཞིག་ལ། བཙན་བྱོལ་གྱི་བོད་མི་ཚོས་ རང་གི་ལས་འགུལ་གྱི་ཁ་ཕྱོགས་དེ་བོད་ནང་དུ་བསྐོར་མ་ནུས་པ་དེ་རེད། འགྲོ་སོང་སོགས་ཡོད་ཚད་བཙན་བྱོལ་ནང་གི་སྒྲིག་འཛུགས་ཤིག་དང་བཙན་བྱོལ་ནང་གི་ལྟ་རྟོག་ཐོག་ཤོར་པ་རེད། ད་ནུས་པ་ཡོད་ཚད་སྤུངས་ནས་ཉར་བའི་གཞུང་དེ་ཡང་ “གཞུང་”གི་ཐ་སྙད་མེད་པ་ཞིག་ཏུ་གྱུར་པ་རེད།
རང་བཙན་དང་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ནི་ ཨང་གྲངས་ ༡༠༠ ཁ་ཚང་ངེར་ཡོད་པ་དེ་རེད། དབུ་མའི་ལམ་ནི་གོང་གི་དེ་གཉིས་ནས་ ཨང་གྲངས་ ༥༠ འཐེན་པའི་ཐོབ་གྲངས་རེད། ད་ བོད་མིའི་སྒྲིག་འཛུགས་ནི་ དེ་ནས་ཀྱང་ཨང་གྲངས་ ༥༠ འཐེན་ཤུལ་གྱི་ ༠ དེ་རེད། ང་ཚོ་ནི་ ༠ ལ་ཡིད་ཆེས་བྱེད་མཁན་གྱི་བོད་ཀྱི་འབངས་མི་རེད།
རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་ཤིང་། བོད་ཀྱི་ཁྲིམས་མཐུན་སྲིད་གཞུང་དེ་བཙན་བྱོལ་དུ་གྱར་ནས་ད་ལྟ་རྒྱ་གར་དུ་གནས་ཡོད་ཅེས་དམ་བཅའ་ཞིག་ཡིད་ལ་འཁྱེར་ནས་བཙོན་ཁང་འགྲིམས་མཁན་ཚོར་དགོངས་པ་ཞིག་བཞེས་དང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲི་ཞུ་བསྒྲུབས་ཆེད་སྐུ་སྲོག་ཤོར་བའི་དཔའ་བོ་དང་དཔའ་མོ་ཚོར་དགོངས་པ་ཞིག་བཞེས་དང་།
ང་ཚོ་ལ་འཇོན་ཐང་ཡོད་ན། བོད་གཞུང་ནི་ཐ་སྙད་ཅིག་མ་རེད། བོད་གཞུང་ནི་ཐ་སྙད་ཅིག་གི་རྩོད་པའང་མ་རེད། འདི་ང་ཚོའི་གཞུང་རེད། འདི་ང་ཚོའི་མེས་པོ་རྣམས་ཀྱི་གཞུང་རེད་ལ། འདི་ང་ཚོའི་མི་རབས་རྗེས་མ་རྣམས་ཀྱི་གཞུང་རེད། འདི་བོད་མི་ས་ཡ་དྲུག་གི་ངོ་བོ་མཚོན་པའི་གཞུང་རེད། འདི་ཐ་སྙད་ཅིག་མ་རེད།
གཤམ་གྱི་དྲྭ་བྱང་འདིའི་ནང་ནས་འདྲེན་བཀོད་བྱས།