རོལ་དབྱངས་ཀྱི་མཚན་མོ།
རྒྱུད་མེད་ཡུལ་ན་ལྷོ་མཐའི་འཚོ་བ་ལ།།
དུངས་པ་མེད་ཀྱང་འཚོ་བའི་གྲིབ་མ་འདི།།
སྲུང་བའི་ཐད་དུ་བསྐོས་པའི་ལས་དབང་ལ།།
ད་ལྟའི་ཆ་ལ་རང་དབང་མེད་པའི་སྐྱོ།།
རྒྱང་རིང་གནས་སུ་སོང་བའི་མཛའ་མོ་དང་།།
ཉེ་སེར་ལུས་པའི་ཡིད་མཐུན་གྲོགས་མོ་སོགས།།
སུ་དང་གང་གིས་སེམས་ཀྱི་སྡུག་བསྔལ་དག།
སེལ་བའི་ཐབས་ལ་ཉིན་མོ་སྐར་མའི་སྤུན།།
སྤ་གསང་མེད་པར་སྨྲ་བའི་རང་གཤིས་འདིས།།
སྤས་པའི་སེམས་ཀྱི་གཏམ་དག་ཡི་གེའི་གཟུགས།།
འབྲི་ལ་ཐོག་པ་མེད་པར་བྱང་བ་ན།།
འདུན་པའི་རང་དབང་ཐོབ་པ་ཅིས་མ་ཡིན།།
བསླབ་བྱའི་སྙིང་བོ་མི་ཚེ་དོན་ལྡན་ཆེད།།
ཕྱི་ནང་མེད་པར་སེམས་ལ་བརྟག་པ་ནས།།
དགོས་པའི་དམིགས་ཡུལ་འགྲུབ་ལ་མ་བརྩོན་ན།།
ནམ་ཞིག་འགྱོད་པའི་གདུང་ན་ཅི་ཡང་སྟོང་།།
ཉེ་རིང་གང་དུ་ཡོད་མེད་གལ་ཆེ་ཞིང་།།
བྱམས་བརྩེ་ལྷག་བསམ་ལྡན་མིན་དེ་བས་གལ།།
དལ་འབྱོར་ཚང་མིན་སེམས་ལ་དཔྱད་དུས་སུ།།
རང་དབང་ལྡན་པའི་མི་ཚེ་ལྷག་དུ་གལ།།
ལྷ་མི་འདྲེ་གསུམ་རྩོད་པ་མི་བྱེད་པར།།
སྐྱེ་འཆི་ངན་སོང་གླེང་རྒྱུ་ཕར་བཞག་ནས།།
རང་གཞན་གཉིས་ཕན་ཡ་རབས་སྤྱོད་བཟང་གིས།།
སྲུ་ཞུ་ནུས་ཚོད་སྒྲུབ་ན་དེ་བས་འགྲིག།
ཉིན་གསུམ་བསྐྱེལ་མ་བྱེད་དུས་དུངས་ཞེན་ལྕི།།
མཚན་གསུམ་ལྷན་དུ་ཉལ་བའི་སྐྱིད་སྣང་མོད།།
སྐྱེ་རྒ་ན་འཆི་ལས་ཀྱི་ཕྱོགས་དེ་འོང་།།
འདོད་མོས་མེད་ཀྱང་འཆི་གསོན་སུ་ཡིས་བཟློག།
སྐྱིད་སྡུག་རེས་མོས་འཁོར་བའི་གྲུབ་ཚུལ་ལ།།
ངོ་གསོ་སྟག་སྒོ་མེད་པ་དར་རྒུད་འདི།།
དབང་ཚད་རང་ལ་བྲལ་བའི་ངང་ཚུལ་གྱིས།།
གཟུགས་མེད་ཁྲིམས་ཆད་དྲག་པོས་མནར་སྡུག་རྒོད།།
ཕན་ཚུན་གདོང་ལ་གཏད་པའི་འཛུམ་འདང་གིས།།
སེམས་ཀྱི་གསང་བ་གྲོལ་ལ་ཕྱོགས་ན་ཡང་།།
མྱི་ཁ་རླུང་ནག་བཙན་པོའི་གཏམ་རྒྱུད་ཅིག།
སོ་སོའི་བྲང་དུ་སྤས་དེ་རང་ཚུགས་བཟུང་།།
རྒྱུས་མེད་གཏམ་ཆལ་རླུང་དང་འགྲོག་ནས་ཡོང་།།
ལ་བཙག་ཞེ་སྡང་མེ་ལྕེ་བཞིན་དུ་འབར།།
འདི་འདྲའི་སྤྱི་ཚོགས་ཤིག་གི་འཚོ་གནས་ཁྲོད།།
གནས་ལུགས་རྟོགས་པའི་མི་ནི་ཉིན་མོའི་སྐར།།
སྒྱུ་མའི་ཟུག་རྔུ་མ་བཟོད་ངུ་འབོད་ཀྱིས།།
ལྷ་མོའི་ཐུགས་བསམ་དཀྲོགས་དེ་སྤྱན་ལོག་གཟིགས།།
ཉེས་པ་ནམ་མཁར་མི་གཤོང་མནར་སྨིན་ཏེ།།
ཅི་ལྟར་འཇལ་ནུས་བསམ་ན་སེམས་པ་གཟེར།།
བུ་མོ་ཚུར་ལ་ཕྱོགས་དེ་ང་མ་བལྟ།།
ནུས་མེད་སྤྲང་བོའི་ལག་ཏུ་ཅི་ཡང་མེད།།
དཔལ་དང་འབྱོར་བའི་ལོངས་སྤྱོད་ང་ལ་མེད།།
ཁྱེད་ཀྱི་ཐུགས་སེམས་གསོ་བ་ངས་མི་འཇོན།།
གྲོགས་པོ་ང་ལ་རེ་ནས་བཙལ་མ་ཡོང་།།
ཤེས་ཡོན་སློབ་སྤྱོང་མེད་པའི་རྨོངས་པ་ང་།།
ལྷག་བསམ་ཡོད་ཀྱང་རིག་ལམ་སྐྱོ་བས་ན།།
གྲོགས་ཁྱེད་རེ་བ་སྒྲུབ་པར་ངས་མི་འཇོན།།
ཕ་མ་བུ་ངར་བསམ་ནས་སྒུག་མ་འདུག།
བུ་ཆུང་ལས་ངན་འཁྱམ་པོའི་མི་ཚེ་ལ།།
འགྱུར་ལྡོག་སྣ་མང་ཆེ་བའི་གནས་སྟངས་ཀྱིས།།
ཕ་མའི་སྒུག་པའི་འདོད་པ་ངས་མི་འགྲུབ།།
དོན་མེད་མི་ཚེ་ཟད་ལ་སེམས་པ་སྨྱོས།།
དོན་ལྡན་མི་ཚེ་བྱ་བ་ལམ་ལྷོངས་ཤིག།
ཚེ་འདིར་ཡོང་བ་མེད་པ་གཏན་འཁེལ་ན།།
ལུས་འདི་ཆུད་ཟོས་མ་གཏོང་ཤི་སར་བསྐྱོལ།།
བྱ་བ་གང་བྱས་ལས་ཀ་གང་བརྩམ་དང་།།
དམིགས་ཡུལ་ཅི་ཡོད་ངན་སེམས་ཡིན་གྱུར་ཚེ།།
སྐད་ཅིག་ཙམ་ཡང་འཚོ་བ་དོན་མེད་པའི།།
དུར་ས་ཞིག་ནས་ལུས་འདི་བྱ་ལ་སྤྲོད།།
ལྷ་དང་ཀླུ་ཡིས་གྲོགས་མེད་ཁེར་རྐྱང་གཟུགས།།
མི་དང་དུད་འགྲོའི་སྲོག་ལ་ཁྱད་མེད་ཚེ།།
མི་ལུས་རིན་ཆེན་ཟེར་ཡང་སྟོང་སྐད་འདིས།།
སྨྲ་ཤེས་དོན་གོ་བརྗོད་ཀྱང་རིན་ཐང་བྲལ།།
ཀི་ཞིག་བཏབ་ནས་མི་རྣམས་རྨོངས་གཉིད་ལས།།
སངས་པར་ནུས་པ་ཡིན་ཚེ་བདག་གིས་ཀྱང་།།
འཛམ་གླིང་སྟེང་གི་ཆེས་མཐོའི་རི་བོའི་སྟེང་།།
ཀི་ཞིག་འདེབས་ལ་གྲ་སྒྲིག་ལོས་བྱེད་ཨང་།།
སུས་ཀྱང་ཡིད་ཆེས་འཕེར་བ་བྱེད་དགོས་ན།།
རང་གི་གང་འཇོན་གཞན་གྱིས་ཅི་བྱེད་ལྟོས།།
རང་གཞན་གཉིས་ཀྱི་ཚོད་ཐིགས་ཟིན་དུས་སུ།།
བྱ་བ་གང་བྱས་ལེགས་པའི་ལམ་དུ་ཡོད།།
བསིལ་རླུང་འཇམ་པོའི་ཁྲོད་ཀྱི་མཚན་མོ་འདིར།།
དཀར་གསལ་དུངས་ཟླའི་བཞིན་རས་སྤྲིན་པས་གཡོག།
ལས་ངན་བུ་ལོའི་མཚན་མོའི་རོལ་དབྱངས་ཤིག།
སེམས་ནས་གཞུར་ཏེ་གང་དུ་སོང་མ་ཤེས།།