བརྩེ་གཞས།
ཡིད་དབང་འཕྲོག་པའི་བུ་མོ།
བརྩེ་གཞས་ཀྱི་ཚིག་ཅིག་འབྲི་རོགས་ཟེར།
༡༽ རྣམ་འགྱུར་མིག་ལ་མཛེས་སོང་། །གསུང་སྐད་རྣ་བར་སྙན་སོང་།
ཀུན་སྤྱོད་སེམས་ལ་ཟུག་སོང་། །ང་ཡི་ཡིད་དབང་འཕྲོག་སོང་། །
ཡིད་དབང་འཕྲོག་པའི་རྗེས་ལ། ཁ་པར་ནང་གི་སྐད་ཆ། སྙན་པ་ལགས། ངོ་དེབ་ནང་གི་པར་རིས། མཛེས་པ་ལགས།
༢༽ སྐྱེས་གཟུཌ་ལྷ་ལས་མཛེས་པ། །ཕ་མར་བྱམས་སྐྱོང་ལྡན་པ། །
གྲོགས་ལ་མཛའ་སེམས་ཆེ་བ། །སེམས་པ་ཁྱེད་ཀྱིས་བཀུག་སོང་། །
སེམས་པ་བཀུག་པའི་རྗེས་ལ། གསང་ལམ་ཁྲོད་ཀྱི་སྐུ་གཟུཌ། མཛེས་པ་ལགས། ཇ་ཁ་ང་ནང་གི་དགོད་སྒྲ། སྙན་པ་ལགས།
༣༽ ཞལ་པར་ཕུལ་ན་བསམ་བྱུང་། །སེམས་གཏམ་བཤད་ན་ཨེ་འགྲིག །
བརྔན་པ་སྤྲད་ན་བསམ་བྱུང་། །ཁྲོམ་ནས་ཐུག་འདོད་ཨེ་ཡོད། །
སེམས་ནས་དྲན་པའི་རྗེས་ལ། རྨི་ལམ་ནང་གི་སྐད་ཆ། སྙན་པ་ལགས། མིག་ལ་འཁོར་བའི་སྐུ་གཟུགས། མཛེས་པ་ལགས།
༤༽ སེམས་ཀྱི་དྲི་བ་འདི་ཡིན། །དགའ་བའི་སྙིང་གཏམ་འདི་ཡིན། །
བྲིས་པའི་ཡིག་ཆུང་འདི་ཡིན། །བརྩེ་བའི་གསང་གཏམ་འདི་ཡིན། །
སེམས་ཐག་བཅད་པའི་རྗེས་ལ། འགྱུར་མེད་དམ་བཅའ་འདི་ཡིན། ཡིད་ཆེས་བྱོས། བཅོས་མེད་རྣམ་འགྱུར་འདི་ཡིན། བདག་པོ་རྒྱོབ།
རྒན་འཆི་མེད་གཡུང་དྲུང་ལགས་ཀྱིས་བཀའ་མངགས་ལྟར་སེར་སྨད་བློ་དགའ་ཡིས་བྲིས།