༄༅།། དྲན་གཞས་སེམས་ཀྱི་ངལ་གསོ།

 

     ༄༅།། དྲན་གཞས་སེམས་ཀྱི་ངལ་གསོ།

 སྤྲིན་དཀར་པོ་སྙིང་ལ་རྗེ་བོ།། ངའི་ཕ་ཡུལ་ཕྱོགས་སུ་འགྲོ་ན།།

ས་ཐག་རིང་བྱང་ཕྱོགས་འདི་ནས།།  ངའི་ཕ་མ་འཕྲིན་འདི་སྤྲད་རོགས།། 

བདག་ཉམ་ཆུང་རྡ་སའི་རི་ན།།  ངའི་ཕ་མིའི་བྱམས་སེམས་དྲན་སྐབས།།

མིག་ཆུ་ཡི་གང་བའི་བུ་ང་།། ངའི་ཕ་མིའི་སྐུ་གཟིགས་མཇལ་འདོད།།

 

ས་སྐྱིད་པོ་སྲོང་བཙན་ཁྱིམ་གཞི།། ཆུ་དྭངས་མོ་གཙང་ཆུ་སྔོན་མོ།།

རི་མཐོན་པོ་ཇོ་མོ་གླེང་མ།། འདི་དྲན་ན་སྐྱོ་གླུ་ལེན་འདོད།།

མཚོ་ལྗང་ལོ་མ་ཕམ་གཡུ་མཚོ།།  སྤང་ཡག་པོ་འབྲོག་པའི་རྩྭ་ཐང་།།

སེམས་སྐྱིད་ས་གངས་ལྷའི་ཞིང་ཁམས།། འདི་དྲན་ན་སེམས་པ་སྐྱོ་སོང་།།

རྫ་སྨུག་པོའི་་བྲེ་སེར་འབྲོང་ཁྱུ།།  སྙིང་རྗེ་སའི་གཡང་དཀར་ལུག་ཁྱུ།།

ནོར་ནག་པོའི་ངུར་སྒྲ་བསྒྲོགས་ས།། ངའི་སེམས་ཀྱི་གཏིང་ནས་དྲན་གི།

རྟ་བདོ་བ་གོམ་ལགས་བདེ་ས།།  འབྲོག་བུ་མོའི་བཞོ་དབྱངས་སྙན་ས།།

རྐྱང་ཁ་དཀར་སྤང་ལ་ཡན་ས།།  འདི་དྲན་ན་སེམས་པ་འཁྲིགས་གི།

སྤྲིན་དཀར་པོའི་ཁ་དོག་ཡག་ས།། དགོང་ཉི་ཟླའི་འོད་སྣང་གསལ་ས།།

སྤང་སྐྱིད་པོའི་ཁ་ཞིང་ཆེ་ས།།  འདི་ནམ་ཡང་བརྗེད་རྒྱུ་མེད་གི།།

རོང་འབྲུ་ཞིང་ལོ་ཏོག་རྒྱས་ས།།  ཞིང་ཡག་པོ་འཁྲུངས་སའི་ཕ་ས།།

ཆུ་དྭངས་མོ་བཞུར་སའི་ཞིང་ཁམས།།  འདི་ང་ཡི་ཕ་ཁྱིམ་གཙང་མ།།

ངའི་ཕ་ཁྱིམ་རོང་འབྲོག་ཁ་སྤྲོད།། སེམས་ཞི་བདེའི་སྙིང་གཏམ་གླེང་ས།།

དྲིན་ཕ་མ་བྱམས་བརྩེ་ཆེ་ས།། ངའི་ཐོག་མའི་ཕ་ཁྱིམ་དྲོན་མོ།། 

བསངས་དུད་སྤྲིན་ཀ་བ་བཙུགས་ས།། ལས་རླུང་རྟ་ཡར་ལ་དར་ས།།

དཔའ་ཡ་མེད་སྙིང་སྟོབས་ཆེ་ས།།  འདི་ང་ཡི་གཞིས་ཁྱིམ་ཁྲ་མོ།། 

སྨན་མཛེས་མ་ལང་ཚོ་དཀར་ས།། སྟག་ཤར་ལོ་སྐྱེ་གཟུགས་་ཡག་ས།།

བུ་བུ་མོའི་བརྩེ་དུང་ཟབ་ས།། ངའི་སྐྱིད་པའི་ཕ་ཁྱིམ་ངོ་མ།།

ལྷ་བླ་མིའི་མཛད་འཕྲིན་རྒྱས་ས།། གོང་དཔོན་པོའི་རླུང་རྟ་དར་ས།།

ནང་འབངས་མིའི་ཀུན་སྤྱོད་ཡག་ས།། བུ་ང་ཡི་ཕ་ས་ཕ་ཡུལ།།

ནང་སེམས་ཀྱི་བྱམས་བརྩེ་ཆེ་ས།། ཕྱིའི་ཀུན་སྤྱོད་མིག་ལ་མཛེས་ས།།

ས་འདི་ཚོ་སྐྱིད་ས་སྐྱིད་ཡུལ།། ངའི་ཕ་ས་ཕ་ཡུལ་སྐྱིད་པོ།།

བོད་བསིལ་ལྡན་གངས་རིའི་གནས་མཆོག།།ལྷ་འཕགས་མཆོག་སྤྱན་གཟིགས་ཞིང་ཁམས།།  མཚན་སྙན་གྲགས་དབྱར་རྔ་ལྡིར་ས།། འདི་གདོང་དམར་བོད་ཀྱི་ཕ་ཁྱིམ།།

བདག་འབྱོར་མེད་གསེར་རྟའི་བུ་ངས།།  ཡུལ་བྱང་ཕྱོགས་རྡ་རམ་ས་ནས།།

ངའི་ཕ་ཁྱིམ་རང་བཞིན་བརྗོད་པ།། ལག་སྙུག་གིས་རྩེ་ནས་རྡོལ་སོང་།།

  གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་བོད་ཀྱི་

རྒྱལ་ས་གཉིས་པ་བཞུགས་སྒར་རྡ་རམ་ས་ནས་རང་ཤག་ཉི་འོད་འཆར་སའི་རབ་གསལ་

ངོགས་སུ་སུག་བྲིས་སོ།།  ༢༠༡༢  ༨  ༤