རྒྱ་གར་གྱི་རང་བཙན་ཉིན་མོ་ཐེངས་ ༦༥ སྲུང་བརྩི།

དེ་རིང་༢༠༡༢ ཕྱི་ཟླ་༨ ཚེས་ ༡༥ ཉིན་ནི་རྒྱ་གར་རང་བཙན་ཐོབ་ནས་མི་ལོ་ ༦༥ འཁོར་བའི་ཉིན་མོ་ཡིན་པ་དང་། རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མན་མོ་ཧན་སིང་གིས་རྒྱལ་ཁབ་ནང་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་ལ་དམིགས་བསལ་གྱི་གདོང་ལེན་དང་གཞུང་གི་ལས་དོན་ཁག་གང་ཐུབ་ཀྱི་ཕྱི་གསལ་ནང་གསལ་བཟོ་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཉིན་དེར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཞུང་འབྲེལ་གྱི་མཛད་སྒོའི་ཐོག་སྲིད་བློན་སྐུ་ཞབས་མན་མོ་ཧན་སིང་མཆོག་གིས་རྒྱ་གར་མི་མང་ལ་འཚམས་འདྲི་ཞུས་ཡོད་པ་དང་། བདག་ཉིད་ཆེན་པོ་གྷན་དྷི་དང་ནེ་རུ་གཙོས་རྒྱ་གར་གྱི་རང་བཙན་འཐབ་རྩོད་ནང་ཞུགས་པའི་མི་སྣ་རྣམས་ལ་ཡིད་རངས་དང་དྲན་གསོ་སོགས་བྱས་པ་ཡོད་པ་རེད།

ཁོང་གིས་རྒྱལ་ཡོངས་གཏམ་བཤད་ནང་གསུངས་དོན། དེ་རིང་གི་ཉིན་མོ་དེ་ནི་ང་ཚོས་མང་གཙོའི་ལམ་ལུགས་ཀྱིས་ཐོག་ནས་ལེགས་ཆེའི་སྒྲུབ་འབྲས་མཐོན་པ་ཁག་ལ་སྤོབས་པ་བྱེད་རྒྱུའི་ཉིན་མོ་ཞིག་ཏུ་བརྩི་ཆོགས་པ་རེད། ཡིན་ཡང་ཉིན་མོ་དེ་ནི་ང་ཚོས་ད་བར་བསྒྲུབ་མ་ཐུབ་པའི་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་མནོ་བསམ་གཏོང་རྒྱུའི་དུས་ཚོད་ཅིག་ཀྱང་རེད། ངས་བསམ་པར་ནམ་ཞིག་ང་ཚོའི་རྒྱལ་ཁབ་ནང་དབུལ་ཕོངས་དང། ཡིག་རྨོངས། བཀྲེས་ལྟོགས། རྗེས་ལུས་སོགས་ཀྱི་དཀའ་ངལ་དག་སེལ་ཐུབ་པ་ཡིན་ན་ཉིན་དེ་ནས་རང་བཙན་དོན་དངོས་ཐོག་ཐོབ་རྒྱུ་རེད་བསམ་གྱི་འདུག་ཅེས་གསུང་བཤད་གནང་ཡོད་པ་རེད།

དེ་དང་འབྲེལ་ཁོང་གིས་མུ་མཐུད་གསུངས་དོན། ང་ཚོའི་གཞུང་གི་ངོས་ནས་ལས་དོན་བྱེད་ཕྱོགས་ཐད་གང་ཐུབ་མི་མང་ལ་ཕྱི་གསལ་ནང་གསལ་བྱ་རྒྱུ་དང། གཞུང་གི་ལས་བྱེད་ཚོའི་ནང་ལྐོག་ཟ་རུལ་སུངས་ཀྱི་རྙོག་གྲ་གང་ཐུབ་ཀྱི་ཉུང་དུ་ཡོང་ཐབས་ལ་འབད་བརྩོན་མུ་མཐུད་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

རྒྱ་གར་གཞུང་གི་ལས་བྱེད་ནང་ལྐོག་ཟ་རུལ་སུངས་ཐད་དཀའ་ངལ་་མང་པོ་འཕྲད་བཞིན་ཡོད་པ་དང། མི་མང་ནང་དེར་ངོ་རྒོལ་བྱེད་མཁན་མང་དག་ཅིག་ཡོང་གི་ཡོད་པ་རེད། སྐུ་ཞབས་མན་མོ་ཧན་སིང་གིས་གསུངས་དོན། “ལྐོག་ཟ་རུལ་སུངས་ཀྱི་དཀའ་རྙོག་མེད་པ་བཟོ་རྒྱུའི་ཆེད་འདི་ལོ་གྲོས་ཚོགས་འོག་མའི་ནང་ཁྲིམས་གཞི་གཉིས་ (Lokpal Bill and Lokayukta Bill) གཏན་འབེབས་བྱས་ཡོད་པ་དང། གྲོས་ཚོགས་གོང་མའི་ནང་ཁྲིམས་གཞི་གཉིས་པོ་དེ་དག་རྩ་ཁྲིམས་ནང་གཏན་འབེབས་ཡོང་ཐབ་ཆབ་སྲིད་ཚོགས་པ་ཚང་མས་རྒྱབ་བསྐྱོར་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད་”ཅེས་གསུངས་ཡོད་པ་རེད།

ཕྱི་ལོ་༡༩༤༧ ཟླ་ ༨ ཚེས་ ༡༥ ཉིན་རྒྱ་གར་དབྱིན་ཇིའི་མངའ་འོག་ཏུ་ལོ་ ༢༠༠ ཙམ་བསྡད་ནས་རང་བཙན་ཐོབ་ཡོད་པ་དང། འདི་ལོ་ནི་མི་ལོ་ ༦༥ ཏག་ཏག་འཁོར་གྱི་ཡོད་པ་རེད། རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་དེ་ནི་ལོ་ལྟར་རྒྱ་གར་རྒྱལ་ཡོངས་གུང་སེང་བཏང་ཏེ་དབུས་དང་མངའ་སྡེ་གཉིས་ཀས་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་ཞུ་བ་དང་སྤྲོ་སྐྱིད་གཏོང་གི་ཡོད་པ་རེད། །