སདབསདབ

<<ཤི་སོང་བའི་<<དུས་དེབ>>་འགའ་ཤས་གླེང་བ།>>

  =======མྱ་ངན་དང་འབོད་སྐུལ་ཞུ།

 ངས་དྲན་སོས་པ་ཞིག་ལ་འདི་ནས་བརྩིས་པའི་༢༠༠༧ལོའི་ལོ་མཇུག་ལ་ངེད་ཚོའི་ཁམས་ཚན་གྱི་གྲྭ་རྒྱུན་དག་གི་ལོ་འཁོར་གཅིག་གི་ཤག་བརྗེད་བོ་རྒྱབ་པའི་དུས་ཚིགས་ཤིག་རེད་འདོད།དགོང་མོ་དེར་གྲྭ་མང་གི་དམ་བཅའ་གྲོལ་བ་དང་ངས་འཛིན་གྲོགས་ཤིག་ལ་ཁྱོད་ལ་དུས་དེབ་ཡག་པོ་འདྲ་ཡོད་ན་ང་ལ་འཇོག་རོགས་གནང་།ང་སང་ཉིན་ལེན་དུ་ཡོང་རྒྱུ་ཡིན་ཞེས་བཤད་པ་ཡིན།

            ཁོས་ངོ་མ་ཡག་མོ་ཟེར་ན་ཅང་ཡོད་ས་མེད།དགོས་ན་དོ་དགོང་ནས་ཁྱེར་སོང་མ་གཏོགས་སང་ཉིན་ནས་གད་སྙིགས་ཀྱི་སྣོད་དུ་གཡུག་རྒྱུ་རེད།མ་གཞི་ནས་འདི་དག་གད་སྙིགས་ཤིག་རེད་བ།ཉིད་ཀྱིས་ག་རེ་བྱ་རྩིས་ཡོད་ཟེར་།ངས་ཁོང་ལ་ཀུ་རེའི་ཚུལ་དུ་དེ་ཁྱེད་ལ་ཇུས་གཏོགས་ཡོད་མ་རེད།འདི་ནི་མི་སོ་སོས་ལྟ་ཚུལ་མི་འདྲ་བ་ཙམ་ལས་དོན་དུ་གད་སྙིགས་ཡིན་པའི་ངེས་པ་མེད་ཅེས་ལན་ཞིག་བཏབ་རྗེས་སུ་ཁོང་གི་ཤག་ཏུ་སོང་།

            སང་ཉིན་གཡུག་རྒྱུ་ཡིན་པའི་ཁོང་གིས་གད་སྙིགས་དུ་བརྩིས་པའི་དེབ་ཚང་མ་ལ་རགས་ཙམ་བལྟས་པ་ཡིན།འོན་ཀྱང་དེའི་ནང་ནས་ནང་དོན་དང་གང་གི་ཆ་ནས་ལེགས་ཕྱོགས་ཀྱི་དུས་དེབ་ཅིག་རྙེད་པ་ནི་ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་ཀྱིས་པར་བསྐྲུན་བགྱིས་པའི་ཟླ་བ་གསུམ་གྱི་དུས་དེབ་<<ནོར་འོད>>རེད།སྐབས་དེར་དུས་དེབ་འདིའི་སྤྱི་ཁྱབ་རྩོམ་སྒྲིག་པ་ནི་ཧོར་ཙང་འཇིགས་མེད་ལགས་ཡིན།དེ་བས་ཀྱང་བརྗེད་དཀའ་བ་ཞིག་ལ་དགོང་མོ་དེར་གྲྭ་ཤག་ཏུ་ཚུར་ཡོང་བའི་ལམ་བར་དུ་ཆར་བར་ཤུགས་ཆེན་འབབ་པར་བརྟེན་དུས་དེབ་དེའང་ཕྱེད་ཀ་བརླན་པ་རུ་གྱུར་སོང་།

              འོན་ཏང་རང་ཤག་ཏུ་སླེབས་པ་དང་དེ་རིང་དངོས་མ་བཤད་ན་རིན་ཐང་ཅན་གྱི་དངོས་པོ་ཞིག་རྙེད་པའི་ཚོར་སྣང་ཆེན་པོ་ཞིག་བྱུང་བ་ནི་ད་དུང་བརྗེད་མི་ཐུབ་པ་མ་ཟད་དུས་དེབ་འདིའི་མགོ་ནས་འཇུག་བར་དུ་ཐེངས་ལྔ་དྲུག་ཅིག་ནི་ཉུང་མཐར་བཀླགས་ཡོད། དེ་ནས་༢༠༠༨ལོ་ཟླ་བ་བརྒྱད་པ་པའི་ཚེས་མ་ངེས་པའི་དུས་ཤིག་ཏུ་ང་རང་གྲྭ་ཚང་གི་ལོ་འཁོར་ཡིག་ཚད་བཏང་ཚར་ཙམ་ཡིན། གསལ་བོ་དྲན་སོས་པ་ཞིག་ལ་ཉི་མ་དེ་གཟའ་པ་སངས་ཡིན་པར་གསལ་བོ་རེད།དེར་ངས་བོད་ཀྱི་བང་ཆེན་ཚགས་ཤོག་ཅིག་ཉོས་ནས་འགྲོ་བའི་ལམ་བར་དུ<<་དུས་དེབ།>><<དུས་དེབ>>་ཅེས་སྐད་སྒྲ་ཐེངས་འགའ་ཤས་ཐོས་པས་མདུན་དུ་སོང་ནས་ཅི་རེད་ཅེས་དྲིས་པ་ན།དུས་དེབ་བཙོང་མཁན་ཡང་ཧང་སང་པའི་རྣམ་འགྱུར་ཞིག་སྟོན་ནས་ཁྱེད་ཀྱི་མི་ཤེས་སམ།འདི་<<འོད་>>དུས་དེབ་རེད་ད་ཟེར་བའི་སྐད་འདིས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་སོང་།

        དུས་དེབ་འདིའི་གཙོ་འགན་རྩོམ་སྒྲིག་པ་ནི་ཇོ་ལེབས་ཆོས་འཕེལ་རེད།རྗེས་སུ་ད་དུང་<<འོད>>་དུས་དེབ་འདོན་ཐེངས་འགའ་རེ་བཀླགས་རྒྱུ་བྱུང་བ་འདིས་ངའི་ཀླད་རྙིང་འཁྲེགས་འཛིན་གྱི་ལྟ་བ་མང་པོ་ཞིག་རིམ་གྱིས་ཡལ་སོང་།རྒྱུ་མཚན་ནི་དུས་དེབ་འདི་གསར་གཏོད་ཀྱི་རྣམ་པ་ཤུགས་ཆེན་པོ་ཡོད་པ་མ་ཟད་ཕྱོགས་གང་ཐད་ནས་རྒྱུ་སྤུས་ལེགས་པས་ཡིན།འོན་ཏང་སྟབས་མ་ལེགས་པ་ཞིག་ལ་འདི་ཡང་དགོང་ལོ་ཡུན་རིང་མ་བརྟན་པར་ཤི་སོང་བ་རེད།

              

དེ་ནས་ཟླ་ངོ་འགའ་ཤས་ཀྱི་རྗེས་སུ་གྲོགས་ཕུན་བཀྲའི་ཤག་ཏུ་སོང་དུས་ཁྱོད་རྩོམ་རིག་ལ་དུང་བ་ཡོད་མཁན་ཞིག་རེད།དེའི་ཕྱིར་འདི་ཁྱེད་ལ་སྤྲད་ཟེར་ནས་དུས་དེབ་ཅིག་ཁོང་གིས་ང་ལ་རིན་མེད་ངང་གནང་བྱུང་།དེ་ནི་ལྡི་ལི་བོད་ཁང་གི་རྒྱུན་ལྡན་དེབ་ཕྲེང་<<ཟ་མ་ཏོག>>ཟེར་བའི་དུས་དེབ་དེ་རེད།ངོ་མ་བཤད་ན་སྐབས་དེ་དུས་སྐད་ཡིག་ལ་དུང་བ་ཡོད་མཁན་ཞིག་གིས་ངོས་ནས་བཤད་ན་ཨ་སྒོར་བརྒྱ་དམར་རྐྱང་སྤྲད་པ་ལྟ་བུའི་དགའ་ཚོར་དེ་དག་ནི་ད་ལྟར་སེམས་ན་བརྗེད་ག་ལ་ནུས་ཨང་།

               དུས་དེབ་འདིའི་སྤྱི་ཁྱབ་རྩོམ་སྒྲིག་པ་ནི་རྡོ་བུམ་སྤྲུལ་སྐུ་རེད།འོན་ཏང་རྗེས་སུ་དེབ་ཕྲེང་འགའ་རེ་ལས་མཇལ་བའི་སྐལ་བ་མ་བྱུང་བ་ལ་གཞིགས་ན་ཕལ་ཆེར་ཤི་ཚར་བའི་ཚད་དུ་འཇོག་ཆོག དེ་ནས་<<བློ་གསལ་རྩོམ་རིག་དགའ་ཚལ>>་དང་<<ལྡུམ་ར>>་དུས་དེབ་གཉིས་ནི་རིམ་པ་བཞིན་འདི་གར་མཁས་མང་བློ་གསལ་གླིང་གི་<<བློ་གསལ་རྩོམ་སྒྲིག་ཁང་>>དང་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་<<ནང་པའི་རིག་གཞུང་ཚོགས་པ>>་གཉིས་ཀྱི་འདོན་སྤེལ་ཞུ་བཞིན་པའི་དུས་དེབ་ཅིག་ཡིན་པ་དང་།

                གཙོ་འགན་རྩོམ་སྒྲིག་པ་ནི་1བློ་གླིང་བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་དང་།2སྒོ་མང་མཁན་རིན་པོ་ཆེ་ཚུལ་ཁྲིམས་ཕུན་ཚོགས་གཉིས་ཡིན།དུས་དེབ་འདི་གཉིས་ནི་དེ་སྔོན་ཕྱི་ཡུལ་དུ་དཔལ་འབྱོར་དང་གང་གི་ཆ་ནས་དཀའ་ངལ་བྱུང་བཞིན་པའི་སྐབས་སུ་གཞིས་བྱེས་གཉིས་ཀྱི་རྩོམ་པ་པོ་དག་གིས་རྩོམ་ཡིག་བཀོད་སའི་གར་སྟེགས་མཐོ་ཤོས་ཀྱི་གྲས་སུ་བརྩིས་ཆོག་པའི་སྣ་འཛོམས་ཀྱི་དུས་དེབ་ཅིག་ཡིན།འོན་ཏང་ཕངས་དགོས་པ་ཞིག་ལ་ཉིས་སྟོང་དགུ་དང་བཅུ་ཡས་མས་སུ་མཐོང་ཡུལ་དུ་མེད་པར་ཆགས་པ་རེད།

                 དེ་བཞིན་<<རྩམ་པ་>>དུས་དེབ་ནི་གངས་ལྗོངས་རྩོམ་པ་རྩོམ་རིག་ཚོགས་པས་བཏོན་པ་ཞིག་ཡིན་ལ།གཙོ་འགན་རྩོམ་སྒྲིག་པ་ནི་ཆབ་བྲག་ལྷ་མོ་སྐྱབས་ཡིན།དུས་དེབ་འདི་འང་འདོན་ཐེངས་བཅུ་བཞི་ཙམ་ལ་བརྟོལ་དུས་མཐོང་ཡུལ་དུ་མེད་པར་གྱུར་སོང་།དེ་དང་དེ་བཞིན་པའི་དུས་དེབ་ཁག་ཅིག་ནི་<<ཁ་བ>>་དང་<<དཔྱིད་ཀ་>><<ཟླ་འོད་གཞོན་ནུ>><<་མུན་སེལ་ཉི་ཟླ་>>བཅས་ནི་རིམ་པ་བཞིན་གཙོ་འགན་རྩོམ་སྒྲིག་པ་༡མགོན་པོ་བཀྲ་ཤིས་དང་།༢རྔ་བ་ཤེས་རབ།༣བསྟན་པ་ཡར་འཕེལ།༤རྒྱལ་མཚན་ཕྱོགས་གླང་དང་།<<དུས་འགྱུར་>>རྩོམ་སྒྲིག་པ་༥ཀླུ་རྒྱལ་དོན་འགྲུབ་བཅས་རིམ་པ་བཞིན་ཡིན།དུས་དེབ་དེ་དག་ཀྱང་རྩོམ་རིག་གི་གར་སྟེགས་འབྲིང་གྲས་སུ་བརྩི་ཆོག་ནའང་ཕངས་དགོས་པ་ཞིག་ལ་ད་ལྟ་དུས་དེབ་གཅིག་ཀྱང་མཐོང་ཡུལ་དུ་མི་འདུག་པས་ཚང་མ་ཤི་ཚར་བ་རེད།

               འདི་དག་ལ་བསམ་གཞིགས་ཤིག་བགྱིས་ཡོང་དུས་ཕྱོགས་གཅིག་ནས་འཆི་ལ་ཉེ་བའི་མི་རིགས་འདིའི་སྐད་ཡིག་སྲུང་སྐྱབས་ལ་ཕན་ཐོག་གི་ནུས་པ་ཆེན་པོ་ཞིག་བསྒྲུབས་ཡོད་ནའང་ཕྱོགས་གཞན་ཞིག་ནས་འདིས་ག་རེ་བསྟན་གྱིན་འདུག་ཟེར་ན་བོད་མི་རིགས་འདི་བྱ་བ་ག་རེ་ཡིན་ཡང་མགོ་འཛུགས་རྒྱུ་ལ་དགའ་བ་མ་གཏོགས་མཇུག་བསྐྱོང་དགོས་ན་ཕལ་ཆེར་རེ་བ་མེད་པའི་ཚད་ཐིག་ཅིག་ཏུ་གསལ་བོ་ངེས་གདའ་སྙམ།

                དེར་བརྟེན་གོང་གི་ལས་དབང་འདི་དག་ལ་གཞིགས་ནས་ད་ལྟའི་ཆར་དུས་དེབ་དང་ཚགས་པ་ག་རེ་ཡིན་ནའང་རྩོམ་སྒྲིག་པའི་འགན་ཁུར་ཟིན་པའི་མྱི་དག་གི་འཆི་ལ་ཉེ་བའི་མི་རིགས་འདིའི་སྐད་ཡིག་གཉིས་པོ་ལ་བསལ་གཞིག་བསྐྱར་དུ་བྱས་ཏེ་ཤུགས་སྣོན་འཕར་མ་ཞིག་གཅིག་ཀྱང་རྒྱབས་རོགས་ཞུ་

            ཞེས་ལྷོ་ཕྱོགས་རྒྱ་མཚོ་ཆེན་པོའི་ཉེ་འགྲམ་བློ་གླིང་གཙུག་ལག་ཁང་གི་སློབ་གཉེར་བའི་གྲལ་མཐའ་བ་ལི་ཐང་དབྱིག་གཉེན་གྱིས་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་ནས་ཕུལ་ལོ།།