བུ་མོ་ཆོས་དབྱིངས་སྐྱིད་ཀྱི་འདུན་ལམ་ལ་གཟིགས་དགོས། །
བུ་མོ་ཆོས་དབྱིངས་སྐྱིད་ཀྱི་འདུན་ལམ་ལ་གཟིགས་དགོས། ། རྒྱ་ནག་གི་དཔོན་ཟུར་ཀྲོའུ་རོན་ཅི་སྔོན་མ་སྲིད་གཞོན་གྱི་ལས་འགན་(༢༠༠༣-༢༠༠༧)འཁུར་བཞིན་པའི་སྐབས་ཚོགས་འདུ་ཞིག་ནང་གཏམ་བཤད་འདི་འདྲ་ཞིག་སྤེལ་སོང་། ང་ཚོ་ཀྲུང་གོའི་ནུབ་ཕྱོགས་ན་རྣམ་པ་མི་ཡིན་པ་ལ་བསམ་བློ་དུད་འགྲོ་དང་གཅིག་མཚུངས་ཀྱི་གྲངས་ཉུང་མི་རིགས་གླེན་པ་གནག་ཕྱུགས་དང་འདྲ་བོ་ཞིག་ཡོད་ཅེས་བཤད་པ་དང་མུ་མཐུད་མི་རིགས་དེའི་བསམ་བློ་དང་འཚོ་བ་བཅས་ཕྱོགས་གཉིས་ནས་ཡར་རྒྱས་གཏོང་དགོས་ཡོད་ཅེས་བཤད་སོང་།
དེ་དུས་ང་རང་ཁོང་ཁྲོ་ལངས་པ་ཡིན་ལ་ཚད་ལས་བརྒལ་བའི་བརྙས་བཅོས་རེད་ཡང་བསམ་མྱང་། དངོས་སུ་ང་ཚོ་བོད་པའི་སྤྱི་ཚོགས་ལ་རྒྱུས་ལོན་དང་བོད་མི་མང་ཕྱོགས་ཀྱིས་བསམ་ཚུལ་དང་བྱེད་སྟངས་ལ་ཉམས་ཞིབ་ཅིག་བྱས་ཡོང་དུས་རྒྱ་དམར་དཔོན་པོ་དེས་བཤད་པ་དེ་ནི་འཁྱོག་བཤད་དང་བརྙས་གཏམ་ཞིག་མ་ཡིན་པར་དྲང་བདེན་གྱིས་སྐད་ཆ་ཞིག་མིན་པས་ངེས་པ་མི་འདུག་ལ་དེ་བས་ཀྱང་དཔྱད་དགོས་པ་ཞིག་ནི་ཁོས་དམར་པོའི་ལྟ་བ་ལས་ལོག་པའི་སྐད་ཆ་ཞིག་ཏུ་ཡང་འཁུམ། རྒྱུ་མཚན་གང་ཡིན་མི་ཤེས་ཡང་དེ་ནས་མི་རིང་བར་ཀྲོའུ་རོན་ཅི་དཔོན་ས་ནས་ཕབ་པ་རེད་ལ་དེང་སང་ནང་བཞིན་ཕྱོགས་གཉིས་ཆགས་ནས་རྙོག་དྲ་ཡང་མི་མང་བ་ཞིག་སླེབས་པ་རེད། ད་ལོ་ཉིས་སྟོང་བཅུ་གཉིས་ལོའི་རྒྱལ་སྤྱིའི་ཨོ་ལིམ་པེའུ་རྩེད་འགྲན་ཆེན་མོ་ཚ་ཚ་འུར་འུར་ངང་མགོ་བཙུགས་ནས་དགའ་དགའ་སྤྲོ་སྤྲོའི་ངང་མཇུག་བསྐྱངས་པ་རེད། ཨ་རི་གཟེངས་རྟགས་མང་ཤོས་ཨང་དང་པོ་དང་རྒྱ་ནག་གཟེངས་རྟགས་མང་ཤོས་ཨང་གཉིས་པ་ཆགས་ནས་མི་རིགས་འདྲ་མིན་དང་ས་ཕྱོགས་འདྲ་མིན་གང་སར་མི་མང་པོ་ཞིག་ལ་ཆགས་སྡང་གིས་སེམས་ཚོར་དྲག་པོ་རེ་སྤྲད་སོང་ལ་མི་རིགས་མང་ཕྱོགས་ཀྱིས་རྒྱ་དམར་ཚང་ཤོར་ན་བསམ་མཁན་མང་ཚོད་རེད་ཅེས་མི་མང་པོས་བཤད་བཞིན་མཆིས། དེའི་ཁྲོད་དུ་ང་ཚོ་བོད་རིགས་ཕྱི་ཕྱོགས་ན་ཡོད་པ་སྐོར་ཞིག་ལའང་རྒྱབ་ལོགས་ན་མ་གསོད་བཞིན་པ་ལ་མིག་མདུན་དུ་བུ་ཁྲི་སྟོན་བྱེད་བཞིན་པས་སེམས་ཚོར་བརྗོད་མི་ཤེས་པ་མངར་སྐྱུར་གྱིས་སེམས་ཚོར་མཚར་མོ་ཞིག་མྱོང་དུ་བཅུག་སོང་ཚོད། བོད་རིགས་ཀྱི་སྤྱི་ཚོགས་ནང་ཆོས་ལུགས་པའི་ཁྲོད་དང་ཆབ་སྲིད་པའི་ཁྲོད་དེ་མིན་རིག་གནས་པའི་ཁྲོད་དང་སློབ་གྲྭ་བའི་ཁྲོད་སོགས་གནས་གང་དུ་ཡིན་ཡང་སྤྱི་ཚོགས་ནང་ལ་འབུར་དུ་ཐོན་ཡོང་མཁན་ཞིག་བྱུང་ན་དེ་ལ་དགའ་ཕྱོགས་དང་སྡང་ཕྱོགས་གཉིས་ཀ་ནས་གང་ཟག་དེ་ཚོའི་འདུན་ལམ་འགོག་བྱེད་ཅིག་དང་བྱ་བ་མཐར་མི་ཕྱིན་པའི་ལྡོག་ཕྱོགས་ཀྱིས་ལས་འགུལ་རེ་སྤེལ་བ་མ་གཏོགས། མི་རིགས་གཞན་དག་ཚོ་ནང་བཞིན་རྒྱབ་སྐྱོར་དགོས་ས་ལ་རྒྱབ་སྐྱོར་དང་རང་སྟོབས་ཀྱིས་བགྲོད་དགོས་ས་ལ་ཁ་མང་ལག་མང་གིས་འུར་ཟིང་མི་སློང་བར་རང་འགར་འཇོག་དགོས་པ་གང་ཞིག་གནད་འགག་ཆེན་པོར་བརྩིས་ནས་འཇོག་པ་ལས་ཁ་ཐོན་ས་ལ་ལག་དང་ལག་དགོས་ས་ལ་ཁ་མི་གཏོང་བར་བསམ་ཤེས་དང་རྒྱུན་ཤེས་ཀྱི་གོ་རིམ་ཁྲོད་མི་རིགས་ཤིག་མར་འགྱེལ་ས་ནས་ཡར་སློང་བ་ནི་མི་རིགས་ཧྲིལ་བོ་གཅིག་གི་ལས་འགན་དུ་སེམས་མཁན་ཆེས་དཀོན་པོ་ཡིན་པ་ག་རེས་མ་འགྲིག་པ་དང་ག་རེས་མ་འཇོན་པ་ཡིན་ནམ་བསམ་པས་བསམ་བློ་མང་པོ་ཞིག་འཁོར་ཡོང་གྱིན་འདུག །མི་རིགས་དང་ཆོས་ལུགས་ལ་ཤ་ཞེན་ཡོད་མཁན་གྱི་བླ་མ་རེ་ཟུང་གིས་ཕྱག་ལས་ཡག་པོ་རེ་གནང་ན་ནི་སྐྱོན་མ་མཐོང་ཡང་སྐྱོན་འཛུགས་དང་རྒྱུ་མཚན་མེད་ནའང་དཀྲོག་གཏམ་སྣ་ཚོགས་བཟོ་སྒྲིག་བྱས་ནས་བརྗོད་པ་དང་། མི་བུ་སྤྱི་ཚོགས་ལ་བསམ་དཀར་གྱིས་སེམས་ཁུར་དང་རིགས་ཞེན་ཡོད་མཁན་རེ་ཟུང་གིས་གླེན་པ་རྨོངས་གཉིད་ལས་བསླང་བས་འབོད་བསྐུལ་རེ་བསྒྲགས་ན་ནི་ཉེས་མེད་ལ་ཉེས་འཛུགས་དང་ནག་མེད་ལ་ནག་ཉེས་ཆེ་བས་བཤད་གཏམ་ལྕགས་སྒྲོགས་དམ་པོས་མགོ་བཅིངས་རྔ་བཅིངས་བྱས་དེ་ཤི་ལམ་ལ་རྫོང་ཐབས་བྱེད་པ་ལས་དོན་དངོས་དང་རྒྱུ་མཚན་སོགས་ལ་ཞིབ་ལྟ་བྱེད་མཁན་ཧ་ཅང་དཀོན། ད་དུང་བླ་མ་དང་མི་སྐྱ་གང་ཡིན་ཀྱང་བོད་མིའི་སྤྱི་ཚོགས་ལ་བསམ་བློ་འཁོར་མཁན་དང་སེམས་ཁུར་ཡོད་མཁན་ཚོ་ལ་ཚད་ལས་བརྒལ་བའི་དཀྲོག་གཏམ་དང་ཉེས་འཛུགས་རྒྱ་མིའི་སོ་བ་དང་ལྷ་འདྲེའི་རྒྱབ་ཐོན་པ་སོགས་འདྲེའི་དྲན་མ་མྱོང་བ་དེ་འདྲ་ནད་པ་རང་གིས་དྲན་ཡོང་བས་དཔེ་ལྟར་གཏམ་ངན་མཚོན་ཆས་འཁོར་ལོ་བསྐོར་བ་ལ་ཐེ་ཚོམ་དང་བག་ཚ་མི་འདུག །
རྒྱ་ནག་གི་དཔོན་པོ་དེས་སྙིང་བརྩེ་བས་བོད་རིགས་ལ་སེམས་ཁུར་བྱས་པས་སྐད་ཆ་མིན་ནའང་ཆོག་ལ་ཁོས་མི་གྲངས་དུང་ཕྱུར་མང་པོའི་མདུན་དུ་ང་ཚོ་ལ་བརྙས་བཅོས་དང་མ་དགའ་བས་གཏམ་ཞིག་ཡིན་ཀྱང་ཆོག །དོན་དངོས་ལ་ང་ཚོ་སྟེ་བོད་མི་རིགས་ཀྱི་སྤྱི་ཚོགས་དང་བོད་མིའི་བསམ་བློ་དེ་ནི་བྱིས་པ་ལོ་ན་མ་སྨིན་པ་ཞིག་གིས་ཕ་མའམ་མ་མ་གང་རུང་རེ་ལ་རེ་སྒུག་བྱེད་པ་དང་མཚུངས་པར་གཞན་ལ་ཡིད་སྨོན་དང་རེ་བ་རྐྱང་བྱེད་པ་ལས་རང་ཉིད་རང་གི་རྐང་ལག་བཞི་ལ་བརྟེན་མི་དགོས་པའི་ཀུན་སློང་ངན་པ་འདི་དང་བྲལ་ཐབས་རྩ་ནས་བྱེད་ཀྱི་མི་འདུག །ད་ལོ་རྒྱལ་སྤྱིའི་རྩེད་འགྲན་སྐབས་སུ་ཡང་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་རྒྱ་ནག་རྩེད་འགྲན་པའི་ཁྲོད་དུ་ཞུགས་ཐུབ་པ་དེ་ནི་མོ་རང་གིས་ངལ་རྩོལ་དང་ཨ་ཞང་བཟང་པོས་བཀའ་དྲིན་ལས་བྱུང་བ་མ་གཏོགས་བོད་མི་ས་ཡ་དྲུག་སུ་གང་གིས་རོགས་སྐྱོར་དང་བསྐུལ་སློང་བྱས་ཡོད་པ་མ་རེད། བོད་མི་ཁ་ཤས་ཀྱིས་ཆོས་དབྱིངས་སྐྱིད་ཀྱིས་བོད་པ་ཐེངས་དང་པོར་རྒྱལ་སྤྱིའི་རྩེད་འགྲན་དུ་ཁྲིད་ཐུབ་པ་རེད་ཟེར། དེའི་རྗེས་སུ་ཁྱི་ཟུག་ཟུག་དང་སྤྱང་ཀི་ངུ་ངུ་བྱེད་མཁན་གྱི་ཀླད་སྟོང་མང་པོ་ཞིག་གིས་པར་རྫུན་མ་འདྲ་མིན་བཟོས་པ་དང་ཡི་གེ་ཀློག་ན་གོ་བ་ཕྱེད་ཙམ་ལོན་མིན་ཙམ་གྱིས་ཡིག་འབྲི་ཆེ་ཆུང་མང་པོ་བྲིས་པ་སོགས་མདོར་ན་བོད་པ་རྒྱ་འོག་ན་ལུས་ཡོད་པ་བརྗེད་སོང་བ་མིན་ནམ་བསམ་བསམ་དང་། རྒྱ་ནག་གི་རྩེད་འགྲན་ལ་རྒྱལ་ཁ་ཐོབ་པ་དེས་བོད་རང་བཙན་སྤྲད་ལབ་ཡོད་པ་ཨེ་ཡིན་ན་བསམ་བསམ་གྱིས་འུར་ཟིང་ལངས་པ་རེད། གལ་ཏེ་ང་ཚོ་ལ་བོད་རྒྱལ་ཁབ་ཅེས་རང་དབང་གི་ལུང་པ་ཞིག་ཡོད་ན་ང་ཚོ་བོད་མི་རྒྱལ་སྤྱིའི་རྩེད་འགྲན་ལ་འགྲོ་ཆོག་ལ་འགྲོ་ཡང་ཐུབ་ཀྱི་རེད།
འགྲོ་ནས་ཐོབ་ནའང་བོད་ལ་རྒྱལ་ཁ་ཐོབ་པ་ཡིན། བུ་མོ་ཆོས་དབྱིངས་སྐྱིད་ལ་འདུན་ལམ་ཞིག་ཡོད་ལ་མོ་རང་དགའ་ཕྱོགས་ཀྱི་ལམ་ཁ་ནས་མོ་རང་གིས་དཀའ་ཚེགས་ཁྱད་བསད་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་ནས་དགའ་དགའ་སྤྲོ་སྤྲོའི་ངང་རང་ཡུལ་ལ་ལོག་འགྲོ་བཞིན་ཡོད། ཕ་ཡུལ་དུ་ཡོད་པའི་ཡུལ་མི་དང་གཉེན་ཉེ་ཐམས་ཅད་བྲེལ་ཟུང་འཚུབ་འཚུབ་བྱས་ནས་ཕེབས་བསུ་དང་སྣེ་ལེན་ལ་ཕྱོགས་བཞིན་ཡོད། བོད་རེ་བས་ཕོངས། རྒྱ་དོགས་པས་ཕོངས། གཏམ་དཔེ་འདི་ཚང་མས་ཤེས་གསལ་རེད། བུ་མོ་ཆོས་དབྱིངས་རྒྱ་དམར་གྱི་མཚོན་ཆས་འོག་ཏུ་འཚོ་བ་རོལ་བཞིན་ཡོད་པ་མ་གཏོགས་ཡུལ་གྱར་བ་འཁྱམས་པོ་ང་ཚོ་དང་འདྲ་བར་སྨྲ་བརྗོད་རང་དབང་དང་བསམ་བློ་གུ་ཡངས་ངང་གང་འདོད་འདོད་དང་གང་དྲན་དྲན་བཤད་ཆོག་པ་དང་ལས་ཀ་ལས་ཆོག་པ་མེད་པ་དགོངས་དགོས་གལ་ཆེན་པོ་ཡིན། ངས་རེ་བ་གཅིག་ཡོད་པ་དེ་ནི་བོད་མི་ཕྱི་ཕྱོགས་ན་ཡོད་པའི་འཁྱམས་པོ་སྡོམ་པོ་རྣམས་ཀྱིས་སྤུན་སྲིང་ཕ་ཡུལ་ན་བཞུགས་པའི་བོད་རིགས་ཉམ་ཆུང་ཚོ་རྒྱ་མིའི་མཚོན་ཆས་འོག་ཏུ་འཚོ་བ་ངན་ངོན་རེ་ལ་རོལ་ནས་འཚོ་བ་ཚོའི་འདུན་ལམ་མི་འགོག་རྒྱུ་དང་ཁོ་ཚོ་ཆབ་སྲིད་ལ་འབྲེལ་བ་མེད་བཞིན་དུ་ཆབ་སྲིད་དང་འབྲེལ་བའི་སྐད་འབོད་དང་པར་ཡིག་རྫུན་བཟོ་མི་བྱེད་པར་བོད་མི་རེ་རེའི་འཇོན་ཐང་དང་གཟི་བརྗིད་ལྡན་པའི་འཚོ་བ་ཞིག་རོལ་ཐུབ་ན་ང་ཚོའི་ཐུན་མོང་གི་རེ་བ་དང་འགན་ཁུར་དུ་བླངས་ནས་རྒྱབ་སྐྱོར་དང་དགའ་བསུས་ཞུ་བ་ལས། སེམས་པ་དགའ་ཡང་དགའ་བསུ་ཞུ་མི་ཤེས་པས་གནོད་སྐྱེལ་དང་རང་མར་འགྲོ་བ་མི་མཐོང་བར་གཞན་ཡར་འགྲོ་བ་ལ་ཕྲག་དོགས་ཀྱིས་སྤྲང་མིག་ཚ་ནས་རྣམ་པ་དགའ་བསུ་ཞུས་མདོག་ཡིན་ཡང་དོན་ལ་གཞན་གྱི་འདུན་ལམ་འགོག་པའི་ལས་ཀ་བྱ་བ་མི་སྤེལ་བར་ཞུ། པར་དང་བརྙན་འཕྲིན་རྫུན་མ་བཟོ་མི་དགོས་པར་རྒྱལ་སྤྱི་དང་རྒྱ་ནག་རྒྱལ་ཡོངས་ཀུན་གྱི་གསར་ལམ་དང་ཚགས་ཤོག་ཡོངས་རྫོགས་ན་རྫུན་བཟོས་མ་ཡིན་པས་དོན་དངོས་པོས་གནས་ཚུལ་གསར་བསྒྲགས་བྱེད་བཞིན་མཆིས་ན། གལ་ཏེ་བོད་མི་རེ་རེའི་རྐང་པ་ནས་འཇུས་ནས་མར་འཐེན་འདོད་པ་མིན་ན་ཡིད་ཀྱིས་དགའ་བསུ་ཞུས་ནས་རང་རང་ས་ནས་ལག་པ་རྡོབས་དང་། བོད་མི་རེ་རེ་བཞིན་རང་རང་གི་རྐང་པ་ལ་བརྟེན་ཐུབ་པ་ཞིག་ཆགས་ཀྱིན་ཡོད་པས་དོན་མེད་འུར་ཟིང་ཞིག་གིས་ནག་ཚུབས་སེ་གཏོང་དགོས་དོན་མི་འདུག །ཐུགས་རྗེ་ཆེ་བསམ་བློ་ཡག་པོ་ཞིག་གཏོང་རོགས་ཞུ། །