༄༅།། རང་ཡུལ་ལ་ཕྱོགས་པའི་དུང་བ།།
༄༅།། རང་ཡུལ་ལ་ཕྱོགས་པའི་དུང་བ།།
བདེན་འཛིན་རི་སྟར་བསྒྲིགས་པའི་འབྱོར་མེད་ཀྱི་བུ་ང་།།
ལ་ལུང་རི་གྲོང་མགྲིམས་པའི་ཁེར་རྐྱང་གི་སེམས་པ།།
མེས་པོའི་ཁྲག་རྒྱུན་འདྲེན་ས་གངས་དཀར་གྱི་ཁྱིམ་གཞི།།
དྲན་པའི་ངོགས་སུ་མཆོངས་བའི་སྐྱོ་སྣང་གི་དྲན་མགུལ།།
བྱང་རླུང་དྲག་ཏུ་ལྡང་སའི་རྡ་ཀླུང་གི་འགྲམ་ནས།།
ཁྱེད་ཀྱི་མཛད་བརྩེ་་དྲན་པའི་གདུང་བ་ཡིས་བཟི་སོང་།།
འབྲོག་པའི་སྦྲ་ནག་གྲུ་བཞི་སེམས་ཁོང་ལ་ཕབ་སྟེ།།
སྒོ་དར་དཀར་པའི་དབྱངས་རྟ་དར་གྱིས་ངང་ལྡིར་ཏེ།།
སྒོ་ཁྱི་རྒྱ་བོའི་ངར་སྐད་ལྷུང་ལྷུང་ནི་བསྒྲགས་ཏེ།།
ཁུ་སིམ་མཚན་ལྗོངས་དཀྲོགས་པའི་དགུ་ཚིགས་ཀྱི་ངོགས་སུ།།
འབྲོག་པའི་འཚོ་གནས་སྣུམ་པོ་ཡིད་ཡུལ་དྲན་སྐབས།།
སྐྱོ་བའི་སྣང་ཤས་སྨུག་སྤྲིན་ཡ་ཆུང་ནས་ལྡང་བྱུང་།།
གངས་རིའི་ཁ་མདོག་འགྱུར་བའི་ལོ་རྒྱུས་དེ་མང་ཡང་།།
ཡར་ཆབ་གཙང་བོ་སྐམ་པའི་གསར་འགྱུར་དེ་བརྗིད་ཨང་།།
འགྱུར་མེད་ཕ་གཞིས་བརྩེ་བ་གསོན་པོ་དེ་འགྱུར་མེད།།
དཀའ་སྡུག་འོག་འགྱུའི་ཁྲོད་ན་རང་ཡུལ་གྱི་སྣང་བརྙན།།
བྱང་མཐའི་བུ་ཡུག་གསེབ་ན་ལྷག་པར་དེ་དྲན་སྐབས།།
ཕྱིར་མིག་དུང་བ་གསོན་པོ་རང་ཡུལ་ལ་ཕྱོགས་སོང་།།
ལྗང་མདོག་གཡུ་ལོ་བཞད་པའི་འབྲས་ཞིང་གི་ལོ་མ།།
ཁང་བརྩེགས་སྟར་ལ་བསྒྲིགས་པ་ཡིད་འོང་གི་རོང་ཤག།།
ཞིང་ལས་སྣ་འཛོམ་བཀྲ་བ་མིག་ལམ་ལ་བགོད་ཚེ།།
བརྗེད་མེད་བརྩེ་དུང་མངར་མོ་སེམས་ཡུལ་ན་ཆགས་པའི།།
གདོད་མའི་ཕ་ཁྱིམ་དྲན་པའི་སྐྱོ་སྣང་གི་ཐོལ་གླུ།།
རི་ཆུ་གྲངས་མེད་བརྒལ་བའི་བྱང་མཐའ་ནས་ཤོར་སོང་།།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་སུག་བྲིས་སོ།། ༢༠༡༢ ༨ ༢༠