ངའི་བསམ་ཚུལ།
ངའི་བསམ་ཚུལ་ཞིག་ཞུ་འདོད་བྱུང་།
༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་གཞིར་བཟུང་བོད་ཀྱི་ཆབ་སྲིད་ལངས་ཕྱོགས་དབུ་མའི་ལམ་གྱི་ཐོག་ནས་ཤར་སྐྱོང་བྱས་ཏེ། བོད་ནང་གི་ཛ་དྲག་གི་གནས་སྟངས་ཡོངས་རྫོགས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་ཤུགས་ཆེ་དང་། རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཡོང་ཐབས་བྱེད་ནས་བོད་ནང་གི་གནས་ཚུལ་གསལ་བཤད་ཀྱིས། བོད་མི་ཚང་མར་བོད་དོན་ཐོག་ཚོར་བ་ཤུགས་ཆེར་སླེབས་ཐབས་དགོས་རྒྱུ་དང་།
བོད་ནང་གི་ཛ་དྲག་གནས་སྟངས་གཞིར་བཞག་སྟེ། བཙན་བྱོལ་སྤྱི་ཚོགས་ནང་ཚོང་ལས་སོགས་ལས་རིགས་སྒོ་རྒྱབ་ནས་བོད་ནང་གི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། རྒྱལ་སྤྱི་དང་རྒྱ་ནག་ལ་བོད་ཀྱི་བདེ་སྡུག་གི་རྣམ་འགྱུར་ཤུགས་ཆེར་སྟོན་ན་སྙམ། བོད་ནང་གི་ཛ་དྲག་གི་གནས་སྟངས་ཤུགས་ཆེ་རུ་ཕྱིན་དང་ཕྱིན་བཞིན་པ་དེ་བོད་རྒྱ་ཞི་བའི་གྲོས་མོལ་གྱི་འཕེལ་རིམ་མུ་མཐུད་ཡག་རྒྱས་མ་ཕྱིན་བའི་དབང་གིས་ཡིན་ནམ་སྙམ། མ་ཟད་༢༠༠༨ཚུན་ཆད། བོད་ནང་གི་ཛ་དྲག་གནས་སྟངས་ཤུགས་ཆེ་རུ་སོང་བ་འདིས་གང་གི་རྐྱེན་ལས་ཡིན་མིན་དང་། དེ་ལ་ཐབས་ལམ་སྒོ་གང་ས་ནས་འཚོལ་དགོས་སྙམ། བོད་རྒྱ་ཞི་བའི་གྲོས་མོལ་མགྱོགས་མྱུར་དུས་ཡོང་ཐབས་གནང་དགོས་རྒྱུ་དང་། དེ་ཡང་དབུ་མའི་ལམ་གྱི་སྲིད་ཇུས་ཀྱིས་ཐོག་ནས་བོད་རྒྱ་ཞི་མོལ་ལམ་ཁ་ཞིག་རྙེད་ཚེ། སྔོན་མ་ལྟར་སྐུ་ཚབ་འགྲོ་བ་ལྟ་བུ་མ་ཡིན་པར་བོད་ཀྱི་སྲིད་སྐྱོང་པ་རང་ཉིད་ཐད་ཀར་གྲོས་མོལ་ལ་ཞུགས་ཐབས་གནང་དགོས་སྙམ། ད་སྐབས་སུ་གནས་ཚུལ་བྱུང་བཞིན་པ་ནས་རྒྱ་ནག་ནས་ཡིན་སྙམ་པ་ལྟ་བུའི་ཆབ་སྲིད་ཀྱི་གནས་ཚུལ་འདྲ་མིན་ཐོག་ནས། བོད་དང་རྒྱ་གར། ཆོས་ལུགས་པའི་དབར་འགལ་ཟླའི་དཀྲུགས་ཤིང་དང་། བཙན་བྱོལ་སྤྱི་ཚོགས་ནང་བོད་མི་ཉུང་དུ་གཏོང་ཐབས་ཀྱི་ལས་གཞི་སྣ་ཚོགས་ཤིག་ཡོང་བཞིན་པར་འཕྲལ་དུ་ཐབས་ཇུས་མི་འདྲ་བའི་སྒོ་ནས་གདོང་ལེན་བྱ་དགོས་སྙམ། བཀྲིས་བདེ་ལེགས་ཞུ།