བདག་གི་སྙིང་ཁོང་ནས་དྲན་པའི་བཤེས་གཉེན་རྣམས་ལ་ཕུལ།

བདག་གི་སྙིང་ཁོང་ནས་དྲན་པའི་བཤེས་གཉེན་རྣམས་ལ་ཕུལ།

 

ཁྱེད་ནི་འཇིག་རྟེན་འདི་ཡི་ཡོད་ཚད་དེ།།

ཤེས་བྱའི་མཁའ་ལ་བསྐྱོད་པའི་འདབ་གཤོག་དང་།།

རྨོངས་པའི་མཚོ་ལས་སྒྲོལ་བའི་གྲུ་ཆེན་ཏེ།།

མུན་པའི་རྒྱ་ལས་འགྲོལ་བའི་ཉིན་བྱེད་ལགས།།

 

བཤེས་གཉེན་དམ་པའི་གསུང་རྒྱུན་རེ་རེ་ལས།།

མུན་པའི་གླིང་ལ་སྣང་གསལ་རེ་རེ་འཕྲོ།།

གཡོ་ཟོལ་བྲལ་བའི་འཛུམ་མདངས་རེ་རེ་ཡིས།།

ཤེས་རྨོངས་བདག་ལ་དྲོ་སྐྱིད་རེ་རེ་བསྩལ།།

 

ཁྱེད་ཀྱི་གམ་དུ་འཚོ་བའི་སྐྱེས་བོ་རྣམས།།

དབང་ཆེན་དཔོན་དང་འབྱོར་ལྡན་མིན་ལགས་ཏེ།།

ཤེས་རབ་མིག་ལྡོངས་འགྲོ་བ་བདག་ཅག་ལ།།

བརྩེ་བའི་ཐུགས་ཀྱིས་གཟིགས་པ་སྙིང་ནས་དྲན།།

བདག་གི་སེམས་སུ་སྨགས་རུམ་ཐིབ་དུས་སུ།།

ཁྱེད་ཀྱིས་སྣང་གསལ་སྟོང་གི་སྐུར་བཞེངས་ཏེ།།

ཤེས་རབ་མིག་ཟུང་སྩོལ་བའི་གཏོང་ཕོད་ཅན།།

ཁྱེད་ལ་འགྲན་པའི་དྲིན་ཅན་སུ་ཞིག་ལགས།།

 

ཁྱེད་ཀྱི་གཟི་འོད་དྲོན་མོས་སྐྱོང་དུས་སུ།།

སློབ་ལ་མ་བརྩོན་རྣམ་གཡེང་གྲོགས་སུ་བསྟེན།།

ད་ཆ་ཁྱེད་དང་བྲལ་བའི་ས་མཐའ་ནས།།

ཁྱེད་ཉིད་དྲན་པའི་མིག་ཆུ་ཁོང་ལ་བཞུར།།

 

དཀའ་ཁག་ལམ་ཆེན་བཟོད་པའི་སྟོབས་ཀྱིས་གཤགས།།

ཤེས་མེད་དབུལ་འཕོངས་ཤེས་རིག་ནོར་གྱིས་བསྐྱངས།།

གཏོང་བར་ཆུབ་པའི་དགེ་བའི་བཤེས་གཉེན་རྣམས།།

ས་སྟེང་འདི་ཡི་དབྱིག་མཆོག་མིན་ན་ཅི།།

 

འཛམ་གླིང་དགེ་རྒན་གྱི་དུས་ཆེན་ཉིན་བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན་རྣམས་དྲན་བཞིན་དུ་མ་ཡུམ་ས་རཱ་ནས་བྲིས་པ་དགེའོ།།