།།མ་ར་ཏི་ཀ་ལ་འགྲུལ་བཞུད་ཐེངས་གཅིག །།

ཀ་ཐཱ་མན་ཊི་ནས་ལམ་ལ་ཞུགས་ཏེ། ཁ་གཅིག་གནས་སྐོར་ཏུ་འགྲོ་བའི་གྲོགས་པོ། ག་ཤེད་རྐང་ལམ་གྱི་ཀྱོག་ཀྱོག་འཕྲང་ནས། ང་ཚོའི་རྨི་ལམ་ལ་འཇའ་འོད་འཕྲོས་སོང་།། ཅ་ཅོ་འུར་ཟིང་གི་གྲོང་གསེབ་བརྒལ་བཞིན། ཆ་མེད་གྲོག་རོང་གི་ལུང་གཅོང་གཏུབ་ཚེ། ཇ་ཁུ་ཁོལ་བ་བཞིན་རྔུལ་ནག་བཞུར་ནས། ཉ་ཉོར་ཐང་ཆད་གྱིས་རྐང་སྣེ་ཡོལ་སོང་།། ཏ་ལའི་ནག་འཕྲང་དུ་གནས་མལ་བཅོལ་དུས། ཐ་མར་ཉམ་ཆུང་གི་ལུས་པོའི་སྟེང་ལ། ད་དགྲ་འདྲེ་ཤིག་གིས་ལྕགས་མཆུའི་བཏབ་པས། ན་ཚས་མ་བཟོད་པར་མཚན་གང་བསྐྱལ་སོང་།།

པ་ཏྲའི་རི་མོ་ལྟར་རྐང་ལམ་བརྒྱུད་ཏེ། ཕ་རྒན་ཀོས་ལི་གཉིས་གཡོག་ལ་བཀོལ་ནས། བ་གམ་མཐོན་པོ་ཡི་རི་བོ་འཛེགས་དུས། མ་ར་ཏི་ཀ་ལ་སླེབས་པ་བྱུང་སོང་།། ཙ་དུར་སྒྲུབ་ཁང་ནང་གསང་ལམ་བཞི་པོར། ཚ་ནན་ཨུ་ཚུགས་ངང་མཛུལ་ནས་ཐར་ན། ཛ་ཡས་བྱིན་རླབས་ཀྱིས་རྟེན་འབྲེལ་མཐུ་ལས། ཝ་སྐྱེས་ལུས་ངག་གི་སྡིག་སྒྲིབ་འདགས་སྐད།། ཞ་ཡིག་ལྟར་འཁྱོག་གིས་གཡོ་རྒྱུ་མེད་ཅིང་། ཟ་འདོད་འཐུང་འདོད་གྱིས་ཚོགས་འཁོར་མ་འབྱོར། འ་ཅག་རྣམ་དག་གིས་ཀུན་སློང་བཟང་པོས། ཡ་གི་ཕུག་པ་ནས་སྨོན་ལམ་བཏབ་ཡིན།། ར་མ་རེའུ་རྡོག་རེ་འཚོ་བའི་གྲོང་གསེབ། ལ་མགོ་ལུང་ཁུག་གི་གཅོང་ན་གནས་པ། ཤ་སྐམ་མདོག་རུལ་ངང་སར་ཉལ་མཐོང་ཚེ། ས་སྟེང་སེམས་ཅན་གཞན་མཐོང་སྣང་ཤར་སོང་།། ཧཱ་ལ་ཤཱིས་(བལ་སྐད་ནང་མ་ར་ཏི་ཀ)འདི་ལ་མཉམ་དུ་འཛོམས་པའི། ཨ་ལྕོ་རིགས་མཐུན་གྱི་ཆོས་གྲོགས་རྣམས་ལ། ཧ་ཅང་སྣེ་འཛོམས་ཀྱིས་ཐུགས་སྤྲོ་མེད་ཀྱང་། ཨ་མཚར་རྩེ་མོ་ཡིས་གླུ་འདི་འབུལ་ལོ།། ཅེས་ཟླ༨ཚེས་པ༢༤སྤྱི་ལོ་༡༩༩༩ ལོ་མ་ར་ཏི་ཀ་ནས་བྲིས།