༄༅།། མཚན་ལྗོངས་ངོགས་སུ་བཞུར་བའི་མིག་ཆུ།
སྤྲིན་དཀར་ལྷོ་ལ་ལྡང་སའི་ནགས་ལྗོན་ངོགས་ན།།
དུང་བ་དྲོན་མོའི་བརྩེ་དུང་སྙིང་ལ་ལྡང་སྟེ།།
བརྗེད་མེད་སེམས་ཀྱི་ཡུམ་ཆེན་ཡིད་ཡུལ་དྲན་སྐབས།།
མཚན་ངོགས་མིག་ཆུ་འཐོར་བའི་སྐྱོ་གདུང་གྲངས་མེད།།
སེམས་ཀྱི་དྲན་གླུ་རྡ་སའི་རི་ནས་ཤོར་ཏེ།།
དུང་བའི་མིག་ཆུ་མཁུར་ཚོའི་ངོས་སུ་འཐོར་སོང་།།
སྐྱོ་གདུང་ཆར་སྤྲིན་ནག་པོའི་ཁོང་གསེང་འདི་ན།།
མ་ལོའི་དུང་བ་དྲན་པའི་སྐྱོ་སྣང་གྲངས་མེད།།
གསེར་ལྡོམ་གཞན་ཡུལ་གྱར་བའི་བྱང་མཐའ་འདི་ན།།
ཡུམ་ཆེན་མ་ལོའི་དུང་བ་ད་དུང་བརྗེད་མེད།།
བདག་གི་ཡུམ་ཆེན་དྲན་པའི་སྙིང་རླུང་ནག་པོ།།
བྲང་ཁོག་འདི་ན་གཡུག་པའི་སུན་སྣང་གྲངས་མེད།།
ལྷན་འཛོམ་རེ་སྒུག་དྲོན་མོའི་དུས་བཟང་ཞིག་ལ།།
དུང་བའི་ལྡང་སྐོར་བྱས་པའི་རེ་བཞག་གྲངས་མེད།།
འབྱོར་མེད་རྡ་སའི་རི་ན་རེ་བ་གསོན་པོ།།
ནམ་ཡང་ཡལ་རྒྱུ་མེད་པའི་རེ་སྒུག་གྲངས་མེད།།
ལྡོམ་བུའི་དྲན་གླུ་རྡ་སའི་རི་ནས་བླངས་ཡོད།།
མ་ལོའི་མིག་ཆུ་ཁ་བའི་འདབས་ནས་འཐོར་ཡོད།།
མ་སེམས་བུ་ལ་འཁྲེང་བའི་ལོ་རྒྱུས་མང་མོད།།
བུ་སེམས་མ་ལ་ཕྱོགས་པའི་དུང་བ་བརྩེགས་ཡོད།།
དུས་བཞིའི་འགྱུར་འགྲོའི་མྱུར་བའི་ལོ་རྒྱུས་ཁྲོད་ན།།
མ་ལོའི་བྱམས་བརྩེ་དྲན་པའི་ལོ་རྒྱུས་རིང་མོ།།
བུ་ངའི་སེམས་ན་འཁྱིལ་བའི་མཚོ་མོ་ཆུང་ཆུང་།།
བུ་སེམས་མ་ལ་ཤོར་བའི་གཏན་ཚིགས་འགྱུར་མེད།།
ཨ་མིའི་མིག་ཆུའི་ཁྲོད་ན་བུ་ངའི་རྣམ་པ།།
བུ་ངའི་དྲན་པའི་ངོགས་ན་ཨ་མིའི་སྣང་བརྙན།།
མ་བུའི་སེམས་ཀྱི་གསེབ་ན་རེ་སྒུག་རྡོག་རྡོག།།
མ་བུའི་དུང་བ་ཟབ་པའི་རྡོ་རིང་འདི་རེད།།
དྲིན་ཆེན་མ་ལོ་དྲན་སྐབས་སེམས་ཀྱི་དུང་བ་རྣོན་པོ་ཞིག་བྲང་ཁོག་ནས་ལྷོག་ལྷོག་གདུ་སྐབས་ མདོ་ཁམས་ཡུལ་ནས་སྐྱེས་པའི་གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་
འབྲོང་སྲས་སུའབོད་པས་བཞུགས་སྒར་རྡ་རམ་ས་ནས་ཞོགས་པ་སྔ་མོ་དུས་ཚོད་དྲུག་ཟིན་མ་ཟིན་ ཞིག་ལ་རྩིས་འཕྲུལ་ལམ་ནས་བྲིས་སོ།། ༢༠༡༢ ༩ ༧