དཔལ་ས་སྐྱ་༸གོང་མ་རིན་པོ་ཆེའི་འཁྲུངས་སྐར་ལ་ཕུལ་བ།

༄༅། །རྒྱལ་ཀུན་མཁྱེན་པའི་རང་གཟུགས་ཁྱབ་བདག་འཇམ་དབྱངས་བླ་མར་བསྟོད་ཅིང་གསོལ་བ་འདེབས་པ་མ་བཅོས་སེམས་ཀྱི་དྭངས་བ་ཞེས་བྱ་བཞུགས་སོ། །

ན་མོ་གུ་རུ་བྷྱེཿ

ཐམས་ཅད་ཤེས་པས་བརྟུལ་ཞུགས་དབང་པོའི་ཚོགས་རྣམས་ཉེར་ཞི་གཉིས་སུ་འཁྲིད་མཛད་ཅིང་། །རྫོགས་སྨིན་སྦྱང་པའི་ལམ་ལ་སླབ་ཅིང་མ་བསྡུད་སྡུད་ཅིང་བསྡུད་པ་གྲོལ་མཛད་པ། །རྣམ་པ་དག་དང་རྟགས་དང་ཚད་མའི་ཆོས་ཀྱི་རང་བཞིན་ཡོངས་སུ་ཐུགས་ཆུད་པའི། །བཅོམ་ལྡན་ལྷ་ཡི་བླ་མ་གཞོན་ནུར་གྱུར་པ་གང་དེ་དད་པའི་ཕྱག་གི་ཡུལ། །

གང་ཞིག་གིས་ནི་དོན་གྱི་སྙིང་པོ་ཤེས་པར་གྱུར་ན་རབ་ཏུ་གྲོལ་གྱུར་ཞིང། །གང་དག་འཇིག་རྟེན་གསུམ་གྱི་གནས་སུ་དབང་མེད་རྒྱུན་དུ་འཁོར་བའི་རྒྱུར་གྱུར་པ། །རང་བཞིན་ཀུན་གྱི་རྒྱུ་ཡི་གནས་སུ་ངེས་པར་གདོད་ནས་གྲུབ་ཅིང་གསལ་མོད་ཀྱང། །སྦྱང་བ་མ་བྱས་གྲིབ་མས་སྒྲིབ་ཅིང་དག་པ་ཆོས་སྐུའི་བླ་མར་ཕྱག་བགྱིའོ། །

རབ་མཛེས་སྟུབ་པོའི་གནས་ནས་རྣམ་དག་མཚན་དཔེ་མ་འདྲེས་ཡེ་ནས་གྲུབ་པའི་སྐུ། །འགག་མེད་ཟབ་མོའི་ཐེག་པའི་ཆོས་ཆར་སྙན་འཇེབས་དབྱངས་ཀྱིས་མདངས་ལས་དྲངས་པའི་གསུང། །ཡོད་ཚད་ཐུགས་ཀྱི་རྩ་འདབ་རེ་རེར་འགྲོ་དྲུག་སྐྱོབ་པའི་འཕྲིན་ལས་མངའ་བའི་ཐུགས། །གོང་མའི་འཁོར་ཚོགས་སྐྱོངས་ཤིང་སྲིད་འདིའི་མཐར་མར་བཞུགས་པའི་སངས་རྒྱས་ཉིད་ལ་འདུད། །

གཞན་དོན་ལྷག་བསམ་ཁུར་གྱིས་བྲེལ་ཞིང་ཚོགས་གཉིས་རྟ་མཆོག་བདུན་གྱིས་ལེགས་དྲངས་ཏེ། །མང་ཐོས་ཉིན་བྱེད་གཟེར་བྱིན་སྟོང་གིས་གྲངས་མེད་རིགས་ཅན་གསུམ་ལ་ཐེག་གསུམ་སྟོན། །གཞི་ལམ་འབྲས་བུའི་རྒྱལ་སར་སྙེགས་ཀྱང་སྲིད་པ་མཐའ་མའི་འགྲོ་བའི་དོན་མཛད་པའི། །རྣམ་དག་སྤྲུལ་པའི་སྐུ་མཆོག་གང་དེ་ཟླ་གཞོན་གསར་པའི་ལང་ཚོ་བཞིན་དུ་མཛེས། །

                 རྒྱལ་ཀུན་མཁྱེན་རབ་གཅིག་བསྡུས་ལི་ཁྲིའི་རྡུལ། །བཅུ་དྲུག་ལང་ཚོའི་དཔལ་དུ་རབ་འབར་ཞིང། །

                 ཤེས་རབ་ཟེར་གྱི་རྨོང་མུན་མཐར་བྱེད་པའི། །བཅོམ་ལྡན་ལྷ་ཡི་བླ་མ་ཁྱེད་མིན་སུ། །

དེ་ཚེ་ཉིན་བྱེད་གཞོན་ནུ་གང། །ཤར་རིའི་ཕྲག་པ་ནས་འཛུམ་ཚེ། །                                                        

སྲིན་བྱ་འུག་པའི་ཚོགས་རྣམས་ཀྱི། །བགྲོད་པའི་ལམ་ཡང་འགག་ཅིག་ཐོས། །

ཇི་ལྟར་ཟས་གཙང་སྲས་པོ་ན་ཕྲ་ཡང། །ཐམས་ཅད་གཞོམ་ཞེས་ང་རོལ་ཐོས་པ་ལྟར། །        

མགོན་ཁྱེད་གཞོན་ནུ་དུས་ནས་འདེགས་དཀའ་བའི། །བརྩེ་ཆེན་རྒྱལ་བའི་ཁྲི་ལ་འཛེགས་དེ་མཚར། །

བློ་གཞོམ་དེད་དཔོན་བློ་སྦྱོང་ཆེད། །ལྔ་རིག་འོ་མཚོ་འཇིངས་ཟབ་མར། །                  

གུས་རྟག་གཟིངས་ཀྱི་གྲོགས་དང་བཅས། །བགྲོད་པའི་ངང་ཚུལ་ཤིན་ཏུ་མཛེས། །

ལུང་རིགས་རལ་གྲིའི་འཁྲུལ་འཁོར་དང་ལྡན་ཞིང། །ཕས་རྒོལ་མགྲིན་པ་གཅོད་པའི་བཤེས་གཉེན་ཚོགས། །

དད་གསུམ་རླུང་གི་ཤིང་རྟ་ལ་རྟེན་ནས། །ཁྱོན་ཡངས་ཐུགས་ཀྱི་འཛིན་མར་མགྲོན་དུ་བསུ། །

ཟླ་གྲོགས་ཀུན་མུད་བཞད་པའི་སྐྱེད་ཚལ་དུ། །སྐྱེ་སྦྱངས་གོམ་སྟབས་ལྷོད་པར་མ་གཏང་བས། །

ལེགས་བཤད་སུམ་ཞིམ་གསུང་དབྱངས་ལེགས་དྲངས་ཏེ། །སྐལ་བཟང་དུས་ཀྱི་སློབ་བུའི་རྣ་བར་བརྫངས། །

ལུང་རིགས་འཁྲུལ་འཁོར་མཚོན་རྣོན་གྱིས། །རྒོལ་བའི་སྙིང་རྩ་དུམ་བུ་རུ། །                                  

བཅད་པའི་སྟོན་མོར་དཀར་ཕྱོགས་ཚོགས། །དགའ་བས་ཡིད་དབང་སྨྱོས་པར་གྱུར། །        

དྲན་དབང་སྟོང་གི་ལྗགས་ལས་མ་འབབ་པའི། །རོལ་མངར་སྨན་ཆབ་དཀར་པོའི་ལེགས་བཤད་ཚོགས། །

ཐར་འདོད་བློ་ལྡན་རྣམས་ཀྱི་བགྲོད་སྐས་སུ། །འཇོག་པའི་མཛད་པ་འདི་ཀོ་ཨེ་མ་རྨད། །

ཟླ་མེད་འགྲོ་མགོན་ཐུགས་ཀྱི་གསང་ཆེན་ལས། །རྒྱུས་པའི་མདོ་སྔགས་ལམ་གསུམ་རིམ་པ་རྣམས། །

སྐལ་ལྡན་བདག་སོགས་དཔྱིད་དུ་བསུ་བ་ལ། །མགོན་ཁྱེད་ཤིང་རྟའི་གཟུགས་སུ་ཕེབས་སམ་ཅི། །

གང་གི་ཐུགས་བསྐྱེད་རྒྱ་མཚོ་ལས། །མཛད་བཟང་རླབས་ཀྱི་ཕྲེང་བའི་ཚོགས། །                

སྐྱེ་དགུའི་ཞིང་ས་འདིར་འཕྱུར་ཚེ། །སུ་དག་ཡིད་ལ་ངལ་གསོ་ཐོབ། །

བྱང་ཕྱོགས་འགྲོ་ཡི་སྲོག་ལ་རྔམ་པ་ཡི། །ལུས་མེད་ལུས་ལྡན་བསྟན་དགྲ་འཇོམས་པའི་སླད། །

མགོན་ཁྱེད་ཐུགས་ཀྱི་དམ་བཅའ་མ་ལྷོད་པར། །གཡོ་མེད་གཞོམ་བྲལ་རྡོ་རྗེའི་ཁམས་སུ་བཞུགས། །

དེ་ལྟར་ཚིག་གི་ཕྲེང་བ་ཡི། །བསྟོད་པའི་མཆོད་པ་འདི་ཕུལ་ཡིས། །                         

ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་སྦྱང།  །བྱང་ཆུབ་ལུང་བསྟན་ཐོབ་ཕྱིར་བསྔོ། །

ཞེས་པ་འདི་ནི་ཁྱབ་བདག་འཁོར་ལོའི་མགོན་པོ་དཔལ་ས་སྐྱ་༸གོང་མ་རིན་པོ་ཆེའི་སྐུ་ཡི་འཁྲུངས་སྐར་ཉིན་གང་གི་སློབ་བུའི་མིང་འཛིན་སྟག་ལྗོངས་འཆི་མེད་ཀྱིས་བཅོས་མེད་དད་པ་གསུམ་གྱི་ངང་ནས་གྲུབ་པར་བྱས་སོ། །