ཨ་མདོ་མཚོ་ལྷོ་ནས་བོད་པའི་ཕྲུ་གུ་ཁག་ཅིག་བཙན་ཁྲིད།
ཉིན་ཤས་སྔོན་བོད་ཨ་མདོ་མཚོ་སྔོན་མཚོ་ལྷོ་རྩི་གོར་ཐང་རྫོང་གི་སློབ་གྲྭ་ནས་སློབ་ཕྲུག་ལྔ་གློ་བུར་དམག་ལྭ་གྱོན་པའི་མི་ཁག་གཅིག་གིས་བཙན་ཁྲིད་བྱས་ཡོད་འདུག རྗེས་སུ་ཕ་མར་ཁ་པར་བཏང་ནས་ཕྲུ་གུ་རེར་རྒྱ་སྒོར་ཁྲི་ཉི་ཤུ་རེ་མ་སྤྲད་ན་ཕྱིར་ཡོང་མེད་པའི་ཉེན་བརྡ་བཏང་འདུག
ཟླ་འདིའི་ཚེས་༡༣ ཉིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༠ཉིན་བོད་ཨ་མདོ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་རྩི་གོར་ཐང་རྫོང་གི་སློབ་གྲྭའི་འགྲམ་གྱི་སྤྱི་གླིང་ལ་རྐུན་མའམ་ཇག་པ་མི་འགའ་ཡོང་ནས། འབྲོང་ཐུ་དམེ་གླིང་སྡེ་བའི་ཕྲུ་གུ་གསུམ་དང་། གཞན་གྱི་གཞན་ཕྲུ་གུ་གཉིས་བཅས་བསྡོམས་པས་ལྔ་བཙན་ཁྲིད་བྱས་ཡོད་པ་དང་། རྗེས་སུ་ཁོང་ཚོའི་ཁྲོད་ཀྱི་ཕྲུ་གུ་ཞིག་བརྒྱུད་ཕ་མར་ཁ་པར་བཏང་བའི་ནང་ཕྲུ་གུ་རེར་རྒྱ་སྒོར་ཁྲི་ཉི་ཤུ་རེ་མ་སྤྲད་ན་ཕྱིར་ཡོང་མེད་པའི་ཉེན་བརྡ་བཏང་འདུག སྐབས་དེར་དངོས་སུ་མཐོང་མཁན་ནས་བཤད་ན། བཙན་ཁྲིད་བྱེད་མཁན་མི་དེ་ཚོས་དམག་ལྭ་གྱོན་ཡོད་པ་དང་རླངས་འཁོར་ལ་བཞག་ནས་ཁྲིད་ཡོད་འདུག
ཕྲུ་གུ་དེ་དག་ནི་ས་གནས་ཀྱི་བོད་མི་ཁྱིམ་ཚང་འབྱོར་ལྡན་ཁག་གི་ཡིན་པ་དང་། དེ་ནི་དཔལ་འབྱོར་སྒོར་མོ་སློང་བྱེད་ནག་ཚོགས་དེ་འདྲ་དང་འབྲེལ་བ་མེད་དམ་སྙམ་པའི་ཚོད་དཔག་བྱེད་མཁན་ཡོད་པ་རེད།
དེ་ལྟར་བཙན་ཁྲིད་བྱས་པའི་ཁོངས་སུ་དམེ་གླིང་སྡེ་པའི་ཕྲུ་གུ་རིན་ཆེན་རྡོ་རྗེ་ལོ་༡༤དང་། དཔལ་མགོན་རྒྱལ། རིག་འཛིན་རྡོ་རྗེ་ལོ་༡༡་བཅས་མི་གྲངས་ལྔ་ཡོད་པ་རེད་འདུག།
ད་ལྟ་ས་གནས་ཉེན་རྟོག་པས་ཀྱང་གང་ཐུབ་ཀྱིས་འཚོལ་ཞིབ་བྱེད་བཞིན་པའི་ཁྲོད་སྔ་ཕྱིར་ཉེས་ཅན་པ་བཅུ་ལྷག་འཛིན་བཟུང་བྱས་ཡོད་ཀྱང་། ཕྲུ་གུ་བཙན་ཁྲིད་བྱེད་མཁན་འབྲེལ་བ་ཡོད་མེད་གསལ་བོ་མེད་པ་རེད།།
