ཕྱི་འཇམ་ནང་རྩུབ་ཀྱི་བོད་མི།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༠༣  ཕྱི་ལོ་ ༢༠༡༢/༩/༡༢
ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པས་བོད་མི་རིགས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་ཤིག་ཡིན་ཞེས་གསུངས་ཡོད་ཀྱང། དོན་དུ་ཁོང་དང་ཁོང་ལྟ་བུ་རེ་ཟུང་ལས་བོད་པ་ཕལ་མོ་ཆེ་དང་།

ལྷག་དོན་དུ་བཙན་བྱོལ་བོད་མི་ཕལ་མོ་ཆེར་དེ་ལྟ་བུའི་རང་གཤིས་སམ་རང་ཚུགས་ཤིག་ཡོད་མེད་ནི་ཕྱོགས་གང་ནས་བལྟས་ཀྱང་ཧ་ཅང་བཤད་དཀའ་བ་ཞིག་ཏུ་གྱུར་འདུག ད་ལྟའི་ཆར་རྒྱ་དམར་དྲག་པོའི་གཞུང་གིས་༧གོང་ས་མཆོག་ལ་མཚན་སྨོད་བྱས་པའི་རྣམ་པ་དང་རིམ་པ་ཚད་ལས་བརྒལ་ཡོད་ཀྱང། བོད་པ་མང་ཆེ་བའི་སེམས་ངོར་དེ་ཙམ་གྱི་ཚོར་སྣང་གང་ཡང་མེད་པ་ལྟ་བུར་གྱུར་ཡོད། ནང་ཁུལ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་མི་འདྲ་བའམ། ཡང་ན་སྒེར་འཁོན་སྤྱི་སྤུངས། སྒེར་དོན་ཁོག་བཅུག་གི་ཐོག་ནས་སྤྱི་ཚོགས་ལ་འདྲོགས་འགོ་བསླངས་ཏེ་བོད་ཕྱི་ནང་གཉིས་ཀ་འུར་ཟིང་ངེ་གཏོང་ཐབས་བྱེད་བཞིན་ཡོད།

དེ་དག་རེ་རེའི་རྒྱབ་ལྗོངས་སྔོག་བཤེར་བྱེད་དགོས་པ་ཞིག་མ་ཡིན་པར། སྤྱི་ཚོགས་ཆུང་ཆུང་འདིའི་ནང་གཏམ་མ་བཤད་གོང་ནས་བརྗོད་གཞི་འདི་དང་འདི་ལ་མི་འདི་དང་འདིས། ལངས་ཕྱོགས་གང་འདྲ་འཛིན་གྱི་ཡོད་མེད་རོབ་ཙམ་ཤེས་རྟོགས་ཐུབ་པ་ཞིག་རེད། འོན་ཀྱང་སྤྱི་ཚོགས་ནང་གི་འཁྲབ་སྟོན་པ་དེ་དག་ལ་བརྟེན་ནས་བཙན་བྱོལ་བོད་མིའི་ནང་ཁུལ་དུ་བརྡབ་གསིག་མང་པོ་གཏོང་མྱོང་ཡོད་ལ། ཐ་ན་གཅེས་པའི་ཚེ་སྲོག་ཤོར་བའང་མང་པོ་བྱུང་ཡོད། དེ་དག་ལ་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་མང་གཙོའི་འཕེལ་རིམ་ཞིག་ཏུ་ངོས་འཛིན་བྱེད་ཆོག་པའི་ཆ་ཤས་རེའང་ཡོད་སྲིད་མོད། དཔལ་འབྱོར་དང་ཆབ་སྲིད་སྤྱི་ཚོགས་བཅས་ཀྱི་རྒྱབ་ལྗོངས་བརྟན་པོ་མེད་པའི་བཙན་བྱོལ་བ་ཞིག་ལ་མཚོན་ན་དེ་དག་དགེ་ལས་སྐྱོན་ལྡབ་འགྱུར་གྱིས་མང་བ་སྨྲོས་མི་དགོས་པ་རེད།

བོད་པ་རྣམས་བཙན་བྱོལ་དུ་འབྱོར་བའི་སྐབས་ནས་ཐོག་མ་གུར་སེར་པོའི་ལབ་གླེང་དང། ཐའེ་ཝན་བཀའ་ཤག་ལས་ཁུངས་ཀྱི་རྙོག་གླེང། ལྷག་དོན་དུ་ཀློ་སྒྲིག་འཛུགས་ཀྱི་ནང་གསོད་དོན་རྐྱེན་གྱི་རྙོག་གླེང། ཆིག་སྒྲིལ་ཚོགས་པ་དང་ཚོ་ཁག་བཅུ་གསུམ་གྱི་རྙོག་གླེང། ཆབ་སྲིད་པ་དག་གིས་ཆེད་བཟོ་བྱས་པའི་སྦིར་གསར་འབྱོར་སློབ་གྲྭའི་འཁྲུག་ཟིང། ཆུ་སྒང་དང་བོད་སོག་ལས་ཁུངས་ཀྱི་དོན་རྐྱེན་སོགས་ལ་བརྟེན་ནས་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདི་ལ་བརྡབ་གསིག་གང་མང་ཞིག་བྱུང་ཡོད་ལ། དེ་དག་ཚང་མ་བོད་པ་ནང་ཁུལ་དུ་ལྟ་ཚུལ་མི་མཐུན་པ་དང། མདུང་རྩེ་ནང་སྐོར་གྱི་གནས་ཚུལ་འབའ་ཞིག་ཡིན། སྐབས་དེ་དང་དེ་དག་ཏུ་རྒྱབ་ནས་བྱུས་འགོད་པ་དང། མདུན་ནས་རུ་འདྲེན་བྱེད་པའི་དཔའ་བོ་མང་པོ་བྱུང་ཡོད་པའི་ནང་ནས། སྒེར་ལ་ཁེ་བཟང་རག་མཁན་དང་ཁེ་བཟང་རག་ཐབས་བྱེད་མཁན་དེ་བས་ཀྱང་མང་པོ་བྱུང་ཡོད།

མཁས་དབང་ཟམ་གདོང་རིན་པོ་ཆེས་བཀའ་བློན་ཁྲི་པ་སྐབས་གཉིས་གནང་བའི་རིང་ལ། རང་བྱུང་གི་སྲིད་དོན་པ་དང། དྷ་སའི་ཆབ་སྲིད་འཁྲབ་སྟོན་པ་དག་ལ་གོ་སྐབས་གཏན་ནས་སྤྲད་མེད་ལ། དེ་ལ་བརྟེན་ནས་ང་ཚོའི་སྤྱི་ཚོགས་འདི་ཉིད་ལོ་བཅུའི་རིང་ལྷིང་འཇགས་ཆགས་ཡོད་པ་དེ་ནི། ཁོང་གི་བཀའ་ཁྲི་སྐབས་གཉིས་གནང་བའི་རིང་གི་ལས་དོན་བྱེད་ཕྱོགས་ཡག་ཤོས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ད་ལྟའི་ཆར། སླར་ཡང་མུ་མཐུད་དུ་རང་བྱུང་སྲིད་དོན་པ་དང་ཆབ་སྲིད་འཁྲབ་སྟོན་པ་མང་པོ་ཞིག་གིས་བཀའ་ཤག་གསར་པ་ཡིན་པའི་གོ་སྐབས་དང་བསྟུན་ནས། ཐབས་ལམ་སྣ་ཚོགས་ཀྱི་སྒོ་དང་སྒེའུ་ཁུང་ཚང་མ་ནས་སྐེ་སྲིང་ཐབས་བྱེད་བཞིན་འདུག་པ་དང། དེ་དག་གི་བྱེད་སྟངས་ལ་ངོ་སོ་སྤྲོད་རྒྱུ་མང་སོང་ན། མི་ལོ་༡༢ ཙམ་གྱི་ཡར་སྔོན་དང་འདྲ་བར་འཁྲུག་ཆ་ཆེ་བའི་སྤྱི་ཚོགས་ཀྱི་གནས་སྟངས་ཤིག་ལ་བསྐྱར་ལོག་བྱེད་མི་སྲིད་པའང་གཏན་ནས་མིན།

ད་ལྟའི་དུས་ཚོད་འདིར་རྒྱ་དམར་དྲག་པོའི་གཞུང་ལ་ཁ་རྡུང་བཏང་ན་དྷ་སར་སྡོད་པའི་བཙན་བྱོལ་བོད་མི་རེ་ཟུང་ཁོང་ཁྲོ་ལང་ཡོང་ལ། ནང་ཁུལ་ནས་བསམ་ཚུལ་མི་མཐུན་པ་རེ་ཐོན་པའི་སྐབས་སུ་གོ་སྐབས་དམ་འཛིན་གྱིས་ཁ་གཏད་གཅོག་མཁན་གྱི་གདོང་ལེན་རུ་ཁག་ཀྱང་འཐུས་ཚང་བའི་ཐོག་ནས་གྲ་སྒྲིག་བྱས་འདུག དོན་དངོས་ཐོག་བོད་མི་རིགས་ལ་མཚོན་ན་ད་ལྟའི་དུས་འདིར་དགྲ་སུ་ཡིན་པ་དང། གཉེན་སུ་ཡིན་མིན་ཡང་སྐབས་སྐབས་སུ་བཤད་མི་ཤེས་པ་ལྟ་བུར་གྱུར་མེད་དམ་བསམ་པའི་མཐོང་ཚུལ་ཡོང་གི་འདུག བྱང་ཆུབ་སེམས་མཆོག་མའི་དབྱངས་རྟ་ལ་གོམས་པའི་བོད་མི་རྣམས་ལ་དོན་དམ་པའི་དགྲ་གཉེན་གྱི་དབྱེ་བ་མེད་པར། དགྲ་ལ་བཟོད་སྒོམ་ཁོ་ནའི་ཐོག་ནས་བྱང་ཆུབ་བསྒྲུབ་རྒྱུའི་སེམས་ཤུགས་ཡོད་པ་འདི་ཡང། མི་རིགས་གཞན་ལ་མེད་པའི་ཁྱད་ཆོས་ཆེ་ཤོས་ཤིག་ཡིན་ངེས།

འོན་ཀྱང་ཕྱི་ལ་ཐུག་དུས་དར་ལས་འཇམ་ཞིང་ནང་ལ་ཐུག་དུས་སྟག་ལས་ངར་བའི་ངང་ཚུལ་འདི་དག་ཅུང་བསམ་ཤེས་ཐུབ་དཀའ་བ་ཞིག་ཡིན་མོད། བཙན་བྱོལ་སྤྱི་ཚོགས་ནང་སྔོན་མ་བོད་རང་བཙན་བློས་གཏོང་མཁན་རེད་ཅེས་གཞན་རྣམས་ལ་རྒོལ་རྡུང་གཏོང་མཁན་དག ད་ལྟའི་ཆར་མི་དེ་དང་དེས་རང་བཙན་བརྗོད་སོང་བས་དེ་ཁ་བྲལ་བ་རེད་ཅེས་རྒོལ་རྡུང་གཏོང་མཁན་གྱི་གྲས་སུ་སླེབས་ཡོད། འདི་ནི་ང་ཚོའི་སྤྱི་ཚོགས་ཀྱི་འགྱུར་བ་ཆེ་ཤོས་དེ་རེད། བོད་ནང་དུ་མཚོན་ནའང་ཐོག་མ་རྒྱ་མིས་མང་གཙོ་བཅོས་བསྒྱུར་ཟེར་བ་དང། རིག་གནས་གསར་བརྗེ་ཟེར་བའི་སྐབས་ཧུར་བརྩོན་པ་ཡར་ཐོན་ཅན་རྣམས་དེང་སྐབས་ཆོས་པ་རྣམ་དག་ཟེར་བར་གྱུར་ཟིན་ལ། བོད་དོན་སེམས་ཤུགས་ཅན་དུའང་གྱུར་ཟིན། འདི་དག་ནི་བོད་ཕྱི་ནང་གཉིས་ནས་དུས་ནམ་ཡང་སྤྱི་ཚོགས་ཀྱི་རྗེས་ཟིན་མཁན་རྣམས་ཡིན་ཀྱང། ཨུ་ཚུགས་མཐར་སྐྱེལ་ཅན་རྣམས་ལ་དུས་ནམ་ཡང་ང་ཚོའི་སྤྱི་ཚོགས་འདིར་གོ་སྐབས་ཐོབ་མྱོང་མེད།།