བོད་ནས་ཡོང་བའི་སློབ་མ་དང་གྲྭ་བཙུན་ཉུང་དུ་སོང་བའི་རྒྱུ་མཚན།
དེ་རིང་སློབ་གྲྭ་གུང་སེང་དང་སྟབས་བསྟུན་ཏེ་བཙན་བྱོལ་བོད་མིའི་གྲོས་ཚོགས་ཚོགས་འདུ་ལ་ཉན་རྒྱུ་བྱུང་། བདག་ཅག་གི་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་ཀྱང་བགྲོ་གླེང་དང་བསམ་ཚུལ་མང་པོ་གསུངས་སོང་ལ། གྲོས་ཚོགས་ར་བའི་ཁོར་ཡུག་དེའང་སྔར་དང་མི་འདྲ་བར་ཡར་རྒྱས་ཞེ་དྲག་སོང་འདུག་སྙམ་པའི་ཚོར་བ་བྱུང་། དེ་ལ་ངས་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་བཀུར་འོས་སྤྱི་འཐུས་རྣམ་པར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། མཚམས་འདིར་ངས་བོད་ནས་ཡོང་བའི་སློབ་མ་དང་གྲྭ་བཙུན་ཉུང་དུ་སོང་བའི་རྒྱུ་མཚན་སྐོར་ཞིག་འབྲི་འདོད་བྱུང་སོང་།
རྩ་བས་དེའི་སྐོར་དེ་རིང་སྤྱི་འཐུས་མང་པོ་ཞིག་གིས་གསུངས་སོང་མོད། ངས་བསམ་པར་ཁོང་ཚོས་གསུངས་པ་དེ་གཙོ་བོར་༢༠༠༨ནས་རྒྱ་ནག་གི་བོད་ཐོག་འཛིན་བའི་དམ་དྲག་ཆེས་ཆེར་སོང་བའི་རྒྱུ་མཚན་དུ་བཟུང་ནས་གསུངས་པ་ལས་དེ་ལས་བརྒལ་བའི་རྒྱུ་མཚན་བགྲངས་མ་སོང་སྙམ། ངས་བསམ་པར་ང་ཚོས་ག་དུས་ཡིན་ནའང་སོ་སོར་དཀའ་ངལ་ཞིག་འཕྲད་དུས། ལམ་སང་རྒྱ་ནག་གི་དྲང་བདེན་མིན་པའི་སྲིད་ཇུས་དང་བོད་ཐོག་འཛིན་བའི་ཆབ་སྲིད་ཀྱི་བཀག་རྒྱ་སོགས་ལ་ཁ་གཡོར་བ་ནི་ནོར་འཁྲུལ་རེད་བསམ། ང་ཚོས་སུ་ཡིན་ནའང་གཞན་ལ་གཙོ་བོར་སྐྱོན་བརྗོད་མ་བྱེད་པར་མཚམས་རེར་སོ་སོའི་བྱེད་ཕྱོགས་དང་སྲིད་བྱུས་ལ་འཐུས་ཤོར་དང་མ་འདང་པ་འདྲ་འདུག་མིན་ལ་གཟིགས་དགོས་པའང་ཤིན་ཏུ་གལ་ཆེ་སྙམ། དེ་འདྲ་བྱེད་ན་ད་གཟོད་བཟང་སྤྱོད་དང་མི་འགལ་བ་དང་མི་ཚོས་ཀྱང་རང་ཉིད་ལ་ཡིད་ཆེས་དང་བློས་བཀལ་ཡོང་གི་རེད།རྩ་བས་ང་ཚོས་མཁྱེན་གསལ་རེད། ༧གོང་ས་མཆོག་རྒྱ་གར་ལ་བཞུགས་ཡོད་པ་དང་རྒྱ་གར་ནི་ནང་པའི་གནས་ཆེན་རྩ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་དུས། རྒྱ་གར་ནི་ང་ཚོའི་གཞིས་བཞུགས་བོད་རིགས་སྤུན་ཟླ་ཡོངས་ཀྱིས་འགྲོ་འདོད་སྐྱེས་བའི་གནས་མཆོག་ཅིག་ཏུ་གྱུར་ཡོད་པ་རེད། དེས་མ་ཚད། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་སྤྱི་ཚོགས་ནི་བོད་ཀྱི་ཐུན་མིན་ཆོས་དང་རིག་གནས་སོགས་སྦྱོང་ས་དང་དེང་རབས་ཀྱི་ཤེས་ཡོན་སོགས་རིན་མེད་དང་དོན་གཟབ་ཆེན་པོས་བསླབ་རྒྱུ་བྱུང་བའི་ཁོར་ཡུག་ཁྱད་འཕགས་པ་ཞིག་དུ་འདོད་དུས། ང་ཚོའི་གཞིས་བཞུགས་བོད་རིགས་སྤུན་ཟླ་མང་པོས་རྒྱ་ནག་གི་དམ་དྲག་དང་རང་སྲོག་ཤོར་པར་མ་འཛེམ་པར་རང་ཉིད་ཀྱི་ཕྲུ་གུ་ཚོ་རྒྱ་གར་ལ་གཏོང་ཐབས་བྱས་པ་རེད་ལ། འདས་པའི་ལོ་རྒྱུས་ནང་བོད་མི་ཁྲི་ཚོ་མང་པོ་བོད་ནས་རིམ་བཞིན་རྒྱ་གར་ལ་ཕེབས་རྒྱུ་བྱུང་བ་རེད། ད་དེང་ཆོས་བརྒྱུད་རིས་མེད་ཀྱི་གདན་ས་ཁག་དང་སློབ་གྲྭ་ཁག་ནང་ཡང་ཁོང་རྣམ་པས་ཕྱག་རྗེས་ཆེན་པོ་འཇོག་ཐུབ་ཡོད་པ་རེད། ཡིན་ནའང་༢༠༠༨་ཙམ་མ་རེད། དེ་ནས་ལོ་ངོ་ཁ་ཤས་ཀྱི་སྔོན་ནས་བོད་ནས་ཡོང་བའི་གྲྭ་བཙུན་དང་སློབ་མའི་གྲངས་འབོར་དེ་ཉུང་དུ་སོང་བ་རེད། རྒྱུ་མཚན་ནི་རྒྱ་ནག་གི་དམ་དྲག་ཇེ་ཆེར་སོང་བ་དང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ཉིད་ཇེ་ཞེན་དང་ཇེ་སྡུག་ཏུ་སོང་པ་ཁོ་ན་མ་རེད་བསམ། རྒྱུ་མཚན་དེ་དང་མཉམ་དུ་སློབ་མ་ཉུང་དུ་སོང་པ་ལ་ཤུགས་ཆེ་བ་ཞིག་ནི་བདག་ཅག་གི་ཤེས་ཡོན་སྲིད་ཇུས་དང་ཤེས་ཡོན་ཁྱབ་ཁོངས། ཤེས་ཡོན་མཐུན་རྐྱེན་སོགས་ཀྱི་ཕངས་ཁ་དང་རྗེས་ལུས། འཐུས་ཤོར་སོགས་བྱུང་པའི་དབང་གིས་རེད་སྙམ། གྲྭ་བཙུན་ཉུང་དུ་སོང་པ་ལ་ང་ཚོའི་ཆོས་རིག་ལྷན་ཁང་གཙོས་པའི་ཆོས་ཕྱོགས་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་ཡོད་མི་སྣ་ཚོས་སྤྱི་ཚོགས་སུ་ང་ཚོའི་སྔར་ཡོད་ཆོས་དད་ཀྱི་གོམས་སྲོལ་དེ་དག་རྒྱུན་འཛིན་བྱེད་པར་འཐུས་ཤོར་སོང་པ་རེད། ༧གོང་ས་མཆོག་གིས་དུས་དང་རྣམ་པ་ཀུན་དུ་བོད་ཀྱི་ཆོས་དད་གོམས་སྲོལ་བཟང་པོ་དེ་ཉིད་མ་ཉམས་རྒྱུན་འཛིན་བྱེད་པར་བཀའ་སློབ་ཕེབས་བསྡད་པ་རེད་མོད། ཡིན་ནའང་ང་ཚོས་ལས་ཀ་ཚང་མ་༧གོང་ས་མཆོག་གཅིག་པོའི་དབུ་རུ་གཡུགས་པ་ནི་བཟང་སྤྱོད་དང་འགལ་བ་ཞིག་རེད། ཁོང་ཡང་གང་ཟག་སྒེར་གཅིག་ཡིན་དུས། དུས་དང་རྣམ་པ་ཀུན་དུ་བོད་མི་ཚང་མའི་མདུན་ལ་དེ་ལུགས་ཀྱི་བཀའ་སློབ་གསུང་པར་ཕེབས་ཐུབ་ཀྱི་མ་རེད་ལ། རྙབས་ཀྱང་ཐུབ་ཀྱིས་མ་རེད། ང་ཚོས་ངེས་པར་དུ་ཁུར་མཉམ་ཁུར་དང་འགན་མཉམ་ལེན་གྱིས་ཕྱག་ལས་གནང་དགོས་པར་གལ།
དགོན་སྡེ་ཁག་གི་གྲྭ་བཙུན་གྱི་སྐོར།
ང་ཚོས་ག་དུས་ཡིན་ནའང་ཁ་ནས་མ་ཎི་བགྲངས་བགྲངས་ཀྱིས་སྐད་དང་ཡི་གེ་ནི་མི་རིགས་ཀྱི་ངོ་བོ་དང་སྲོག་རྩ་ཡིན་པ་དང་། ང་ཚོའི་འཐབ་རྩོད་འདིའང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ་སོགས་ཀྱི་འཐབ་རྩོད་ཡིན་ཞེས་གསུང་བསྡད་ཡོད་པ་རེད་ལ། དེའང་བདེ་པ་རེད། ང་ཚོའི་འཐབ་རྩོད་འདི་ཉིད་རྒྱུན་འཁྱོངས་དང་ལམ་ལྷོང་ཡོང་དགོས་ན། ང་ཚོའི་ངེས་པར་ཏུ་བཙན་བྱོལ་བོད་ཀྱི་གནས་ཆེན་དགོན་སྡེ་ཁག་དང་སྐྱབས་གནས་དགེ་འདུན་པ་ཚོར་སྲུང་སྐྱོབ་དང་དར་སྤེལ་གཏོང་དགོས་པ་རེད། དེ་ནི་ང་ཚོའི་འོས་འགན་མང་པོའི་ནང་གི་གལ་ཆེན་ཞིག་རེད་སྙམ། གང་ཡིན་ལགས་ན།བོད་ཀྱི་ངོ་བོ་དང་སྲོག་རྩ་སོགས་འཚོལ་དུ་འགྲོ་དགོས་ན། དེ་ཉིད་རྙེད་ས་གཙོ་བོ་དེ་ང་ཚོའི་གནས་ཆེན་དགོན་སྡེ་ཁག་དང་སྐྱབས་གནས་དགེ་འདུན་གྱི་སྡེ་དེ་ཡིན་མོད། ཡིན་ནའང་བཀུར་འོས་སྤྱི་འཐུས་ཁ་ཤས་ཀྱིས་གསུངས་པར་ལྟར། ལོ་ཤས་ནང་དགོན་སྡེ་ཁག་ལ་གྲྭ་རྒྱུན་ཉུང་དུ་སོང་པ་རེད། དེའང་བཀུར་འོས་སྤྱི་འཐུས་ཚོས་གསུངས་པར་ལྟར་༢༠༠༨གྱི་བོད་མི་ཡར་ལངས་རྗེས་རྒྱ་ནག་གི་དམ་དྲག་གཅིག་པོས་དབང་གིས་མ་རེད་སྙམ། དེ་ནི་གཙོ་བོར་བོད་ནང་ལ་དེང་སང་སྐྱབས་གནས་བླ་མ་དགེ་བཤེས་མང་པོས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་བོད་ནང་ལ་རྒྱ་གར་དུ་ཡོད་པའི་ཤེས་གྲྭ་དང་རིགས་སློབ། མཚན་ཉིད་སློབ་གྲྭ་སོགས་བཙུགས་པ་དང་། རྒྱ་གར་ནང་བཞིན་བསླབ་པ་སློབ་གཉེར་ལ་ཟིན་དུ་ཐོན་པ་མ་བྱུང་ནའང་། གང་ལྟར་སོ་སོའི་ཁོར་ཡུག་དང་གནས་སྟངས་ལ་དཔག་ཏེ་ཐུགས་བློ་ཚིམ་པ་འདྲ་བྱུང་པར་གྲྭ་བཙུན་མང་པོར་སློབ་སྦྱོང་གི་གོ་སྐབས་ཐོབ་པ་ཡིན་པས། རྒྱ་གར་ལ་མ་ཡོང་ནའང་སློབ་སྦྱོང་གི་གོ་སྐབས་ཐོབ་ཡོང་དུས་རྒྱ་གར་ཏུ་ཡོང་པ་ཉུང་དུ་སོང་ཡོད་པ་དང་། དེང་སང་གྲྭ་པ་མང་པོ་ཞིག་ཕྱི་རྒྱལ་ལ་འགྲོ་འདོད་སྐྱེས་པ་དང་། དཔལ་འབྱོར་གྱི་ཕྱོགས་སུ་བློ་ཁ་ཕྱོགས་ནས་གྲྭ་པ་ལོག་པ་སོགས་གནས་ཚུལ་མང་པོ་ཡོང་དུས། ཕ་མ་དང་སྤུན་མཆེད་སོགས་ཡིད་ཐམས་ཆད་ནས་རང་ཉིད་ནང་དུ་ཡོད་པའི་གྲྭ་པ་ཚོ་ཡུལ་དགོན་དུ་བཞུགས་ཐབས་བྱེད་པ་ལས། རྒྱ་གར་ཏུ་གཏོང་པའི་བློ་དེ་ཆུང་དུ་སོང་པ་རེད། དེའི་རྐྱེན་དུའང་གྲྭ་བཙུན་ཉུང་དུ་སོང་པ་རེད། ཡང་ཕྱོགས་གཞན་ནི་སོ་སོའི་ལུང་པའི་ཡུལ་དགོན་གྱི་མི་དམངས་དང་འཛིན་སྐྱོང་ངོས་ནས་ཀྱང་སོ་སོའི་དགོན་པ་དེ་ཉིད་བདག་པོ་རྒྱབ་མཁན་དང་ལུང་པ་ལ་ཆོས་ཕྱོགས་ཀྱི་མཛད་རིམ་སྤེལ་མཁན་སོགས་དགོས་འདོད་ཀྱིས་། གྲྭ་བཙུན་མང་པོར་རང་ཡུལ་དུ་བཞུགས་ཐབས་གནང་པ་རེད་སྙམ། གང་ཡིན་ལགས་ན། སྔོན་མ་ང་ཚོའི་བོད་པའི་སྤྱི་ཚོགས་སུ་གྲྭ་བཙུན་མང་པོ་ཡོད་པ་དང་། མི་ཚང་རེ་ལ་གྲྭ་བཙུན་སོགས་གང་རུང་ཞིག་མེད་ན་མི་ཆོག་པའི་རྣམ་རྟོག་སྐྱེས་ནས་མི་ཚང་དེའི་ཕྲུ་གུ་ཡག་ཤོས་དེ་གྲྭ་བཙན་གང་རུང་ཞིག་བཟོ་རུ་འཇུག་གི་ཡོད། འོན་ཀྱང་། ད་ལྟར་གྲྭ་བཙུན་བཟོ་འཇུག་མཁན་གྱི་ཕ་མ་དཀོན་པ་རེད་ལ་བཟོ་འདོད་ཡོད་མཁན་ཀྱང་ཉིན་མོའི་སྐར་མ་ལྟར་གྱུར་པ་རེད། དེ་འདྲའི་རྐྱེན་པས་ཡུལ་དགོན་མང་པོ་མེད་པ་གྱུར་པ་རེད། ཡུལ་ལུང་མང་པོ་ལ་ཆོས་ཕྱོགས་ཀྱི་མཛད་རིམ་བསྐྱངས་མཁན་གྱི་གྲྭ་བཙུན་མེད་དེ་ཡུལ་ལུང་གཞན་པ་ནས་གྲྭ་བཙུན་སོགས་གདན་འདྲེན་ཞུ་དགོས་པའི་དཀའ་ངལ་མང་པོ་ཡོད་པ་རེད། བཙན་བྱོལ་བོད་པའི་གནས་ཆེན་དགོན་སྡེ་ཁག་ལྟ་གཞོགས་ཐ་ན་གཞིས་གནས་བོད་ཀྱི་དགོན་སྡེ་ཁག་ལའང་དེ་ལུགས་ཀྱི་དཀའ་ངལ་འཕྲད་ཅིང་ཡོད་པ་རེད། ང་ཚོའི་ལི་ཐང་དགོན་ཆེན་ལ་མཚོན་ནའང་། སྔོན་ཆད་རྒྱུན་དུ་ནས་དགོན་པ་རུ་སློབ་གཉེར་བྱེད་མཁན་ཁོ་ན་གྲངས་ལྔ་སྟོང་དྲུག་སྟོང་ཡོད་མོད། ཡིན་ནའང་ད་ཆར། དེ་རིགས་ཀྱི་གྲྭ་པ་ལྔ་བརྒྱ་དྲུག་བརྒྱ་ཙམ་ལས་མི་འདུག དེའི་རྒྱུ་མཚན་གང་ལ་ཐུག་ཡོད་པ་རེད་ལབ་ན། ངས་བསམ་པ་དེ་ནི་གཙོ་བོར་ང་ཚོའི་ཆོས་དད་ཀྱི་བོད་པའི་གོམས་གཤིས་བཟང་པོ་དང་། གྲྭ་བཙུན་བྱེད་པའི་དགེ་བ་དང་དོན་སྙིང་སོགས་མ་རྟོགས་པ་དང་། ཉམས་རྒུད་དུ་སོང་པ་རེད་སྙམ། དཔེར་ན་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན། ང་ཚོའི་ངེས་པར་དུ་བོད་ནས་ཡོང་པའི་གྲྭ་བཙུན་ཁོ་ན་དགོས་པའི་ངེས་པ་མེད་ལ། བོད་ནས་གྲྭ་བཙུན་གྱི་རྒྱུན་ཆད་ན་གྲྭ་བཙུན་གྱི་རྒྱུན་མི་ཡོང་པ་དེ་འདྲ་མིན། གང་ཡིན་ལགས་ན། ང་ཚོའི་བཙན་བྱོལ་དུ་བོད་པའི་གཞིས་ཆགས་མང་པོ་ཡོད་པ་དང་། དེ་ཚོ་ཚང་མ་བོད་པ་བཀྲུས་ནས་མ་དག་པ་རྐྱང་རྐྱང་རེད་ལ། རྒྱ་ནག་གི་དྲག་གནོན་དང་བཀག་དོམ་སོགས་གྱི་དཀའ་ངལ་མེད་པར་རང་དབང་ངང་དགོན་སྡེ་ཁག་ལ་འཛུལ་ཆོག་པ་རེད་མོད། ཡིན་ནའང་ང་ཚོའི་གནས་ཆེན་དགོན་སྡེ་ཁག་གི་གཡས་གཡོན་དུ་བཞུགས་པའི་བོད་པ་ག་ཚོད་ཀྱིས་རང་ཉིད་ཀྱི་ཕྲུ་གུ་གྲྭ་ཚང་ལ་སྐྱེལ་གྱི་ཡོད་དམ། གལ་སྲིད་བོད་པའི་ཁྱིམ་ཚང་འདི་དག་གི་མི་ཚང་རེ་ནས་གནས་ཆེན་དགོན་སྡེ་ཁག་ལ་གྲྭ་བཙུན་གང་རུང་ཞིག་གཏོང་པ་ཡིན་ན། ང་ཚོའི་གནས་ཆེན་དགོན་སྡེ་ཁག་ལ་གྲྭ་བཙུན་གྱི་དཀའ་ངལ་དེ་ཙམ་མི་ཡོང་ལ། ང་ཚོའི་དགོན་སྡེ་ཁག་གི་ལོ་རེར་ནེ་པ་ལིས་སོགས་གྲྭ་ཕྲུག་གང་མང་ཡང་བསྡུ་སྒྲུག་བྱེད་དགོས་ཀྱི་མེད། སྔོན་ཆད་ང་ཚོའི་བོད་པའི་སྤྱི་ཚོགས་སུ། མི་ཚང་་གི་ཕྲུ་གུ་ནང་ནས་་ཡག་ཤོས་དང་གཅེས་ཤོས་དེ་གྲྭ་བཙུན་གང་རུང་བྱེད་དུ་འཇུག་གི་ཡོད། ཡིན་ནའང་དེང་སང་བཟང་ཤོས་དང་གཅེས་ཤོས་ལྟ་གཞོགས། ཐ་ན་སྡུག་ཤོས་དང་མ་རབས་ཚ་ཤོས་དེའང་གྲྭ་བཙུན་དུ་གྱུར་བཅུག་འདོད་མེད་ལ། ད་དུང་དེ་ལས་ལྡོག་ཏེ་བོད་པའི་གཞིས་ཆགས་ཁག་ནས་གྲྭ་བཙུན་བཟོ་རུ་འཇུག་པ་ནི་ཕྲུ་གུས་ཁ་ལ་མ་ཉན་ཚེ་ཞེད་སྣང་སྐུལ་བྱེད་ཅིག་ཏུ་གྱུར་ཡོད། འདི་ནི་ཇི་འདྲ་བའི་ཐབས་སྡུག་པོ་དང་ཡ་ང་བ་ཞིག་མ་རེད་དམ།དེ་འདྲ་བྱུང་བའི་རྒྱུ་མཚན་ནི་ང་ཚོའི་བོད་པའི་སྤྱི་ཚོགས་ཀྱི་ཆོས་དད་བཟང་སྤྱོད་ལ་དོ་ཕོག་དང་ཕངས་ཉེས་བྱུང་པ་རེད་ལ། ང་ཚོའི་ཆོས་རིག་ལྷན་ཁང་གཙོས་པའི་ཆོས་ཕྱོགས་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་ཡོད་མི་སྣ་ཚོས་སྤྱི་ཚོགས་སུ་ང་ཚོའི་སྔར་ཡོད་ཆོས་དད་ཀྱི་གོམས་སྲོལ་དེ་དག་རྒྱུན་འཛིན་བྱེད་པར་ཐུར་ཤོར་སོང་པ་རེད་སྙམ། གནད་དོན་དེ་ལས་གྲོལ་ཐུབ་པ་བྱེད་རྒྱུ་ནི་ང་ཚོའི་གྲྭ་བཙུན་གྱི་དཀའ་ངལ་སེལ་བའི་གནད་འགག་དེ་ཡིན་པ་ལས། དུས་རྟག་ཏུ་གཅིག་མ་འགྲིག་ན་རྒྱ་གཞུང་ལ་ཁ་གཡོག་པ་དང་། གཉིས་མ་འགྲིག་ན་རྒྱ་གཞུང་ལ་ཁ་གཡོག་པ་ནི་མི་རིགས་སྙམ།
སློབ་གྲྭའི་སློབ་མའི་སྐོར།
སྤྱིར་དེ་སྔོན་ང་ཚོའི་བཙན་བྱོལ་སྤྱི་ཚོགས་སུ་སློབ་མ་ཕོན་ཆེན་འབྱོར་པ་རེད་ལ། ཁོང་ཚོ་ལ་སློབ་སྦྱོང་གི་གོ་སྐབས་ཀྱང་ཐོབ་པ་རེད། ཡིན་ནའང་འཇིག་རྟེན་འདིའི་སྒང་ཕ་མ་སུ་ཡིན་རུང་རང་ཉིད་ཀྱི་ཕྲུ་གུ་ལ་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་པ་་དང་། མི་ཚེའི་མདུན་ལམ་འོད་སྟོང་འབར་བ་ཞིག་བྱུང་ཐབས་གནང་པ་ནི་ཕ་མ་ཚང་མའི་ཀུན་ཁྱབ་ཀྱི་བསམ་བློ་ཞིག་དང་། འོས་འགན་ཞིག་ཀྱང་ཆགས་ཡོད། དེས་མ་ཚད་ཕ་མ་སུ་ཡིན་རུང་རང་ཉིད་ཀྱི་ཕྲུ་གུ་དེ་དག་མི་ཚེ་གང་བོ་མི་ཡུལ་ལ་སྡོད་པ་དང་ཕ་མ་དང་གཏིང་བྲལ་སྡོད་པའི་བསམ་ཚུལ་ནི་ཧ་ལམ་ཡོད་པ་མ་རེད། ང་ཚོའི་བཙན་བྱོལ་ཤེས་ཡོན་སྲིད་ཇུས་ཀྱི་གཞི་རྩའི་ལྟ་བ་དེའང་སློབ་མ་དེ་དག་མ་འོངས་པར་བོད་དུ་ལོག་ནས་བོད་ལ་ཕན་འདོགས་ཐུབ་པ་ཞིག་དང། མ་འོངས་བོད་དེ་འཛུག་སྐྲུན་བྱེད་མཁན་དང་། བོད་མི་རེ་རེ་ཡིན་ནའང་། བདེ་སྐྱིད་ཀྱི་འཚོ་བ་ཞིག་སྐྱེལ་རྒྱུ་ཡོང་པ་དེ་རེད། ང་ཚོའི་ད་བར་སློབ་མ་ཁྲི་ཚོགས་མང་པོ་སྐྱེས་བསྲིང་བྱས་པ་རེད། ཁོང་ཚོའི་ནང་ག་ཚོད་ཅིག་ང་ཚོའི་ཤེས་ཡོད་སྲིད་ཇུས་དང་ཕ་མའི་འདོད་དགོངས་བཞིན་གྱུར་ཐུབ་ཡོད་དམ། དེ་ནི་ང་ཚོས་ནམ་ཡང་གལ་ཆེན་རྩིས་དགོས་གལ་ཆེ་བའི་གནད་དོན་ཞིག་རེད། བོད་ནས་ཡོང་པའི་སློབ་མ་མང་པོ་བོད་ལ་ལོག་པ་རེད་མོད། འོན་ཀྱང་ཁོང་ཚོ་ག་ཚོད་ཅིག་གིས་བོད་ལ་ལོག་ནས་བོད་ཡུལ་ལ་ཕན་འདོགས་གནང་ཐུབ་པ་རེད། དེ་ལྟར་གནང་ཐུབ་པ་ཧ་ཅང་ཉུང་ཉུང་རེད། ཐ་ན་སློབ་མ་མང་པོས་རང་ཉིད་ཀྱི་ལྟོ་གོས་སྡོད་གནས་སོགས་ཀྱི་ཐད་དཀའ་ངལ་མང་པོ་འཕྲད་པའི་གནས་སུ་ལྷུང་པ་རེད། དེ་ནི་ཕ་མ་དང་སྤུན་མཆེད་སོགས་ལ་དཀའ་ངལ་ཐོལ་པ་བཟོས་པ་ལས་། བོད་ལྟ་གཞོགས་ཐ་ན་ནང་མི་ཡན་ཆད་ལ་ཕན་འདོགས་གནང་མི་ཐུབ་པར་བྱུང་ཡོད། ཡང་ཁ་ཤས་ཀྱིས་དེ་ནི་རྒྱ་ནག་གི་ཁོང་ཚོར་དམ་དྲག་བྱེད་པ་རེད་ཅེས་གསུང་མདོག་ཁ་པོ་རེད། ཕྱོགས་གཅིག་ནས་དེ་ནི་བདེན་པ་རེད་མོད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་རྒྱ་ནག་ཏུ་སོ་སོས་འཇོན་ཐང་ཡོད་ན་རྒྱ་ནག་གཞུང་གི་ལས་སྣེ་མིན་པར། ལས་རིགས་གཞན་པ་མང་པོའི་ནང་སོ་སོས་འཚོ་ཐབས་བྱེད་ཆོག་པ་རེད། ཡིན་ནའང་དེ་ལ་ངེས་པར་དུ་སློབ་ཐོན་བྱུང་བའི་སློབ་མ་དེར་ཆེད་ལས་མཁས་པའི་ཤེས་ཡོན་དང་། རང་ཅར་འཕེར་བའི་དེང་རབས་ཀྱི་ཤེས་ཡོན་ལག་ཤེས་དགོས་ཀྱི་ཡོད། འོན་ཀྱང་ཁོང་ཚོ་ལ་དེ་རིགས་ཀྱི་ལས་སྣེ་ཟིན་ཐུབ་པའི་ཤེས་འཇོན་དེ་ཡོད་པ་མ་རེད། རྒྱུ་མཚན་དེས་རྐྱེན་པས་ཁོང་ཚོར་ཡུལ་སྐོར་སྤྲ་འཆམ་པ་སོགས་ལ་སྐད་སྒྱུར་གྱི་ལས་ཀ་ཙམ་ལས་། གཞན་དོན་གཉེར་ཐུབ་པར་བྱུང་མེད་པ་རེད། ཡང་ཕྱོགས་གཞན་ལ། ཕ་མ་སུ་ཡིན་རུང་རང་ཉིད་ཀྱི་ཕྲུ་གུ་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་སློབ་སྦྱོང་བྱེད་པ་དང་ལས་ཀ་བྱེད་པའི་གོ་སྐབས་བྱུང་ན་འདོད་བློ་འཚིམ་པ་རེད། དེ་ནི་སོ་སོའི་ནང་མི་དང་ཡུལ་མི་སོགས་ཀྱི་ཆེ་སྟོད་དང་ངོམས་སུ་འོས་པའི་བྱ་བ་ཞིག་ལ་རྩི་བཞིན་ཡོད་ལ། རྗེས་སོར་སློབ་མཐར་བྱུང་ནས་ནུབ་ཕྱོགས་རྒྱལ་ཁབ་ག་གེ་མོའི་ཡུལ་མི་གྱུར་སོང་ན། བོད་ལ་ཐུག་འཕྲད་ཡང་སེར་ཡོང་ཐུབ་པ་དང་། ནང་མི་དང་ཡུལ་མི་སོགས་ལ་དཔལ་འབྱོར་སོགས་གང་གི་ཆ་ནས་ཀྱང་དོན་ཕན་ཡོང་པ་ཞིག་ཡོང་རྒྱུ་རེད། ཡིན་ནའང་ང་ཚོའི་བཙན་བྱོལ་ལོ་རྒྱུས་ནང་། ད་བར་བོད་ནས་ཡོང་བའི་སློབ་ཕྲུག་ག་ཚོད་ལ་ཕྱི་རྒྱལ་ཏུ་འགྲོ་བའི་གོ་སྐབས་བསྩལ་ཡོད། མཚམས་འདིར་ངས་བཙན་བྱོལ་བོད་ཀྱི་སྒྲིག་འཛུག་ཁག་ནས་བོད་པའི་སློབ་ཕྲུག་ཚོ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སློབ་སྦྱོང་བྱེད་པའི་གོ་སྐབས་བཙལ་མེད་པ་དང་། དེ་ལུགས་ཀྱི་ལས་གཞི་དང་འཆར་གཞི་སོགས་བྱུང་མྱོང་ཡོད་པ་མ་རེད་ཅེས་ཞུས་ཀྱིས་མིན། གང་ལྟར་བོད་ནས་ཡོང་བའི་སློབ་མ་ག་ཚོད་ཅིག་ལ་གོ་སྐབས་དེ་བྱུང་པ་རེད་དམ། བོད་ནས་ཡོང་བའི་སློབ་མ་ཁ་ཤས་ཤིག་ལ་དེ་རིགས་ཀྱི་གོ་སྐབས་ཐོབ་ཡོད་ཤག་རེད། ཡིན་ནའང་ཁོང་ཚོའི་གྲངས་འབོར་དང་བསྡུར་ན་ག་ཚོད་བྱུང་ཡོད་དམ། ང་རང་ནི་བཙན་བྱོལ་བོད་ཀྱི་སློབ་གྲྭ་ནས་འཚར་ལོངས་བྱུང་ཞིང་ད་ལྟ་མཐོ་སློབ་ཏུ་འགྲོ་བའི་དངོས་ཡོད་ཀྱི་ཉམས་མྱོང་ལ་གཞི་ན། ངས་མང་པོ་དེ་ཙམ་མཐོང་མ་སོང་ལ་གོའང་མ་སོང་། དེ་འདྲ་མ་བྱུང་ན། ང་ཚོས་ངེས་པར་ཏུ་བོད་ཀྱི་སྒྲིག་འཛུག་ལས་ཁུངས་ཁག་དང་ལྷན་ཁང་ཁག སློབ་གྲྭ་ཁག་སོགས་སུ་དེ་རིགས་ཀྱི་སློབ་མ་གང་མང་བསྡུ་ཐབས་བྱེད་དགོས་ཀྱིས་ཡོད། དེ་འདྲ་བྱུང་ན། ཁོང་ཚོའི་ཕ་མ་དང་སྤུན་མཆེད་ཚོས་ཀྱང་ཁོང་ཚོའི་བོད་ཀྱི་སྒྲིག་འཛུག་དང་༧གོང་ས་མཆོག་ལ་ཞབས་འདེབས་ཞུ་བཞིན་ཡོད་པས་ཐུགས་ལྷོད་ཡོང་ངེས་རེད་མོད། ཡིན་ནའང་བཙན་བྱོལ་བོད་དེ་ལག་པ་རིང་ཡང་ཕུར་ཐུམ་ཐུང་བའི་དཔེར་ལྟར་ཧ་ཅང་གི་ཆུང་དྲག་པས། ཁོང་ཚོ་ཚང་མ་ལ་དེ་ལུགས་ཀྱི་གོ་སྐབས་ཕུལ་ཐུབ་ཀྱི་མ་རེད་གསུངས། དེ་ནི་བཙན་བྱོལ་བོད་ཀྱི་རྒྱུ་མཚན་ཡག་ཤོས་ཤིག་ཀྱང་ཆགས་ཡོད། རྒྱུ་མཚན་འདི་དག་གི་རྐྱེན་པས་བོད་ནས་ཡོང་བའི་སློབ་མ་མང་པོའི་མི་ཚེ་འཕྲོ་བརླགས་སུ་འགྲོ་གི་ཡོད་པ་དང་། ཁོང་ཚོ་མང་པོ་འཆམ་པོར་གྱུར་འགྲོ་གི་ཡོད། འོ་ན། ལས་རིགས་གསར་གཏོད་དང་ལས་རིགས་གང་མང་དུ་གཏོང་མི་ཆོག་པ་རེད་དམ། དེ་མ་རེད། དེ་རིང་སྤྱི་འཐུས་ཁ་ཤས་ཀྱི་ང་ཚོས་ཞིབ་འཇུག་སྡེ་ཚན་དང། ལོ་ཙཱ་བའི་སྡེ་ཚན་སོགས་འཛུག་གལ་ཆེ་པ་གསུངས་སོང་། དེ་ནི་མི་རིགས་ཤིག་གི་འཐབ་རྩོད་ལ་མཚོན་ན་ཤིན་ཏུ་ནས་གལ་འགངས་ཆེ་པོ་ཡིན། ང་ཚོའི་སྒྲིག་འཛུགས་ཀྱི་སྒོར་མ་དེ་དགོས་ས་ལ་བེད་སྤྱོད་གཏོང་དགོས་པ་ཞིག་ཡིན་པ་ལས། དེ་ཉིད་གྲངས་ཀ་གང་མང་དུ་ཉར་ཚགས་བྱེད་སྙིང་རྩ་བ་ནས་མེད། ངས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ལྟ་གྲུབ་ནས་ཚིག་ཐག་བཅད་ནས་བཤད་ཐུབ་པ་ཞིག་ནི། ཇི་སྲིད་ང་ཚོས་རྒྱ་ནག་དང་ཁ་གཏད་བཅག་པ་དང་། རང་ཉིད་ཀྱི་དགོས་འདོད་རྩོད་པ་པར། དེ་སྲིད་ཀྱིས་ང་ཚོ་ལ་རྒྱལ་སྤྱིའི་རོགས་སྐྱོར་དང་རོགས་རམ་ཆད་མི་སྲིད་ཅེས་པ་དེ་ཡིན། དེ་ནི་རྒྱལ་སྤྱི་ཆབ་སྲིད་ལ་ངེས་མཁོ་ཡིན་པའི་གནད་དོན་ཞིག་རེད། ད་དུང་རྒྱུ་མཚན་གལ་ཆེན་ཞིག་ནི། བཙན་བྱོལ་དུ་བོད་ནས་ཡོང་བའི་སློབ་མ་མང་ཆེར་གནས་སྡོད་སློབ་གྲྭ་རུ་ཁ་ལག་སྐྱོ་དྲག་པ་དང་འཕྲོད་བསྟན་སོགས་ཀྱི་མཐུན་རྐྱེན་ཞེན་པ་དང་མཐུན་རྐྱེན་ཡོད་ནའང་། གནད་ཡོད་ལས་བྱེས་དེ་ཚོས་སློབ་མ་ཚོར་ག་རེ་ནའང་སུག་འཇག་སྨན་དང་མགོ་སྨན་རྐྱང་སྤྲད་དེ་དོ་སྣང་མ་བྱེད་པར་སློབ་མ་མང་པོར་འཕྲོད་བསྟན་གྱི་དཀའ་ངལ་འཕྲད་པ་དང་། གནད་དོན་འདིའི་ཐད་དེ་རིང་བཀུར་འོས་སྤྱི་འཐུས་ཤིག་གི་དོན་དངོས་ཀྱི་དཔེ་དང་བཅས་པར་གསུངས་སོང་། སློབ་མ་མང་པོར་མི་ཚེའི་འཕྲོད་བསྟན་དཀའ་ངལ་བཟོ་བཞིན་ཡོད་པ་མ་ཚད། ཁ་ཤས་རྐྱེན་ལམ་དུ་སོང་ནས་འཇིག་རྟེན་འདི་དང་ཁ་བྲལ་དགོས་བྱུང་ཡོད། གནས་ཚུལ་དེ་དག་བོད་ནང་ཡོད་པའི་མི་རྣམས་ཀྱི་གསན་པས་ན་ཁོང་ཚོས་ཕྲུ་གུ་རྒྱ་གར་ལ་གཏོང་འདོད་སྐྱེས་སམ། ཁྱོད་ཕ་མ་ཡིན་ན། ག་འདྲ་བྱེད་རྒྱུ་རེད་དམ།
གནས་ཡོད་སྤྱི་འཐུས་མང་པོས་སློབ་མ་དང་གྲྭ་བཙུན་ཉུང་པ་ནི་༢༠༠༨གི་བོད་མིས་ཡར་ལངས་དང་རྒྱ་ནག་གི་དེ་རྗེས་སྤེལ་བའི་ཆབ་སྲིད་དང་ས་མཚམས་དམ་དྲག་ལ་ཐུག་ཡོད་ཅེས་གསུངས་སོང་། ངས་བལྟས་ཚོད་ལ་དེ་ནི་རྒྱུ་མཚན་མང་པོའི་ནང་གི་ཆ་ཤས་ཤིག་ཡིན་པ་ལས་རྒྱུ་མཚན་དེ་ཁོ་ན་དེ་མ་རེད་སྙམ། གང་ཡིན་ལགས་ན། འོ་ན། དེ་སྔོན་རྒྱ་བལ་གཉིས་ཀྱི་ས་མཚམས་དེ་སྲུང་མེད་སྟོང་པ་རེད་དམ། ཡང་ན་ག་རེ་རེད། ང་རང་ལ་མཚོན་ནའང་། རྒྱ་བལ་ས་མཚམས་བརྒལ་ནས་ཟླ་ངོ་གཅིག་ཙམ་རྐང་ཐམ་དུ་ཡོང་མཁན་ཞིག་ཡིན། དེ་ནི་༡༩༩༩ལོའི་ཟླ་འཇུག་ལ་རེད། སྐབས་དེ་དུས་ཀྱང་མཐའ་སྲུང་རྒྱ་དམག་མང་པོ་འདུག་ལ། མཚམས་མཚམས་ཁོ་ཚོས་མཐོང་ནས་མེ་མདའ་ཡང་རྒྱག་གི་འདུག། ང་ཚོས་ལམ་བར་དུ་མེ་མདས་བསད་པའི་མི་རོ་ཡང་མཐོང་རྒྱུ་བྱུང་། དེ་དུས་ནས་རྒྱ་མིས་དམ་དྲག་ཡོད་ཡོད་པ་རེད། དེང་སང་ཡིན་ནའང་བོད་མི་ཁ་ཤས་ལམ་ཡིག་མེད་པར་བྲོས་བྱོལ་དུ་ཡོང་ཐུབ་ཀྱི་ཡོད། སློབ་མ་ཉུང་དུ་སོང་པའི་རྒྱུ་མཚན་གཞན་ཞིག་ནི། དེང་སང་རྒྱ་ནག་གཞུང་ནས་བོད་མི་མང་པོ་རྒྱ་གར་དུ་མི་འགྲོ་བའི་དོན་དུ་སྲིད་ཇུས་གསར་པ་ཞིག་བཟོས་པ་རེད། དེ་ནི་མཐའ་མཚམས་དམག་མི་གྲངས་འབོར་ཤིན་ཏུ་མང་པོ་གཏོང་པ་དང་། མེ་སྒྱོག་མཚོན་པའི་གོ་ཆ་སོགས་བོད་མི་བྲོས་བྱོལ་བ་རྣམས་བཀག་པའི་ཆེད་འབོར་འཛུག་བྱེད་པ་དེ་འདྲ་མ་རེད། བལ་ཡུལ་ནི་རྒྱ་ནག་གི་རྒྱུགས་ཁྱི་བཞིན་གྱུར་ཚར་པ་ནས་ཁོང་ཚོའི་རྒྱ་བལ་གཉིས་ཀྱི་མཐའ་མཚམས་སུ་དེ་ལུགས་ཀྱི་དམག་དཔུང་དང་དམག་ཆས་སོགས་ཆེས་ཆེར་གཏོང་དགོས་པའི་གནས་སྟངས་གྱུར་མེད། འོ་ན། སྲིད་ཇུས་དེ་ག་རེ་རེད་ཞུས་ན། དེ་ནི་རྒྱ་ནག་གི་ཤེས་ཡོན་སྲིད་ཇུས་ལ་གྱུར་བ་བཏང་པ་དེ་རེད། བོད་ནས་ཕེབས་པ་དང་བོད་ནང་འབྲེལ་བ་ཡོད་པའི་བོད་མི་ཚོས་མཁྱེན་སྲིད་པ་རེད། དེང་སང་རྒྱ་ནག་གི་དམའ་རིམ་དང་གཞི་རིམ་སློབ་གྲྭ་སོགས་ལ་རན་མེད་ཀྱི་སློབ་གསོ་སྤྲད་ཀྱི་ཡོད་ལ། མི་དམངས་ཚོ་ལའང་རང་ཉིད་ཀྱི་ཕྲུ་གུ་ཚོ་སློབ་གྲྭར་གཏོང་དགོས་པའི་ལམ་སྟོན་དང་། སློབ་གསོ་སྤེལ་གྱིས་ཡོད་མ་མ་ཟད། བོད་མི་ཚོ་ཡང་སྔར་དང་མི་འདྲ་པར་སློབ་སྦྱོངས་ལ་དོ་སྣང་སླེབས་པ་དང་དེའི་གལ་ཆེན་རང་བཞིན་སོགས་རྟོགས་པ་བྱུང་ཡོད། སྔོན་ཆད་ཡིན་ན་བོད་ནང་གི་གྲོང་གསིབ་སོགས་སུ། བུ་ཕྲུག་ལོ་ན་༡༥་དང་༡༦་སླེབས་དུས་མནའ་མ་དང་མག་པ་སོགས་གཏོང་ནས་ཁོང་ཚོས་ཁྱིམ་གཞི་ཟིན་པ་དང་། ཕྲུ་གུ་ཕལ་ཆེར་ཞིང་ལས་དང་འབྲོག་ལས་བྱེད་དུ་འཇུག་གི་ཡོད། སྐབས་དེ་དུས་ཁོང་ཚོར་ཕྲུ་གུ་སློབ་གྲྭ་གཏོང་བའི་དཔལ་འབྱོར་དཀའ་ངལ་ཡོད་པ་དང་། ཤེས་ཡོན་གྱི་གལ་ཆེ་རང་བཞིན་མ་རྟོགས་པ་དབང་གིས་རེད། དེང་སང་དཀའ་ངལ་མེད་པས་ཕྲུ་གུ་ཚོ་སློབ་གྲྭ་ནང་གཏོང་བཞིན་ཡོད། གོ་ཐོས་ལ་དེང་སང་བོད་ནང་གི་གྲོང་གསིབ་ཁག་ཏུ་ཞིང་ལས་དང་འབྲོག་ལས་བྱེད་མཁན་མ་འདང་པ་དང་། མི་ཚང་ལ་མནའ་མ་དང་མག་པ་མི་རག་པའི་དཀའ་ངལ་ཡོད་ཚོད་འདུག། ང་ཚོས་ངེས་པར་དུ་གནས་དོན་འདི་དག་ཡོད་ཚད་ལ་ཐུགས་བསམ་བཞེས་པ་དང་། འདི་ནི་རྒྱ་ནག་གིས་རྟིང་བའི་སྲིད་ཇུས་ངན་པ་ཞིག་རེད་ལ། སྲིད་ཇུས་འདིའི་མཇུག་འབྲས་ཀྱིས་ང་ཚོའོ་མ་འོངས་ཆབ་སྲིད་དང་མི་རིགས་སོགས་ལ་གྱོང་ཉེས་འགྲོ་བའི་ཉེན་ཁ་ཡོད་པ་དང་། ང་ཚོས་ཤིན་ཏུ་གདུང་ལེན་དཀའ་བའི་སྲིད་ཇུས་ཤིག་ཀྱང་རེད། སྲིད་ཇུས་འདིའི་མཇུག་འབྲས་ལས་གྲོལ་ཐབས་ཀྱི་བསམ་བློ་ངེས་པར་ཏུ་གཏང་དགོས་རང་གི་ཞེན་ཆ་དང་མ་འདང་ས་ཚང་མར་ཐུགས་བསམ་བཞེས་ནས་དཀའ་ངལ་འདིའི་རིགས་ལ་འདོང་ལེན་ག་འདྲ་བྱེད་དགོས་མིན་ཐད་བསམ་བློ་གཏོང་དགོས་པ་ལས། དུས་རྟག་ཏུ་རྒྱ་ནག་གི་སྲིད་ཇུས་གཅིག་པོ་རྒྱུ་མཚན་དུ་བྱས་ནས་གསུང་བསྡད་པ་ཡིན་ན་མི་འགྲིག་སྙམ།