རང་བཙན་དང་དབུ་མའི་ལམ།
ང་ཚོ་བོད་ཀྱི་འཐབ་རྩོད་འདི་ལོ་ངོ་ཉི་ཤུ་ལྷག་ཙམ་གྱི་རིང་ལ་ལངས་ཕྱོགས་གཉིས་སུ་གྱེས་པའི་དེ་རིང་ཁོ་བོས་བུ་གླེན་པའི་ངང་ཚུལ་གྱིས་ལངས་ཕྱོགས་གཉིས་ཀྱི་མཐིལ་རྟོལ་ཏེ། ལངས་ཕྱོགས་དེ་གཉིས་འབྲལ་ཐབས་མེད་པའི་གཅིག་ཕན་གཅིག་གྲོགས་ཤིག་ཏུ་བརྗོད་འདོད་བྱུང་།
༡༽ ལངས་ཕྱོགས་རང་བཙན་ནི།
བོད་གཞུང་གིས་གདོད་མའི་ལངས་ཕྱོགས་ཤིག་ཡིན་ལ། འདིའི་དོན་དུ་རྒྱ་ཆེའི་དཔའ་བོ་དཔའ་བོ་གྲངས་ལས་འདས་པ་ཞིག་གི་ཚེ་སྲོག་ཀྱང་ཤོར་ཡོད་པ་རེད། འོན་ཀྱང་༡༩༧༩ ཡས་མས་ནས་བོད་གཞུང་གིས་རང་བཙན་ལ་འགྱུར་བ་བཏང་ནས་གྲོས་མོལ་གྱི་འགོ་བརྩམས་པ་དང་། ༡༩༨༨ ལོར་ཡུ་རོབ་གྲོས་ཚོགས་སུ་རང་བཙན་ཡོངས་སུ་དོར་ཏེ་གཉིས་སྨན་དབུ་མའི་ལམ་གྱི་སྟེང་དུ་ཤར་བསྐྱོད་བྱ་རྒྱུ་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་ནས་བཙན་བྱོལ་བོད་གཞུང་དང་མི་དམངས་ཕལ་ཆེར་ལངས་ཕྱོགས་འདིའི་ཕྱོགས་སུ་ལངས་པ་ལས་རང་བཙན་རྩོད་མཁན་ཆེས་ཉུང་ཉུང་ཆགས་པ་རེད།
འདི་ལ་བོད་ནས་ཡེ་རྡོར་ཟེར་བ་དེས་ “ དུས་རབས་༢༠་པའི་ལོ་རབས་༧༠་པ་ནས་༨༠་པའི་དུས་དཀྱིལ་དུ་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ལ་འགྱུུར་བ་གལ་ཆེན་བྱུང་ཞིང་། རྒྱ་གར་དང་ཨ་རི་ལ་སོགས་པའི་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་འབྲེལ་བ་ལེགས་སུ་ཕྱིན་ཏེ་ཏཱ་ལའི་བླ་མར་མངོན་གསལ་དུ་རྒྱབ་སྐྱོར་བྱེད་ཤུགས་ཆུང་དུ་བཏང་བ་ཁ་ཡ་མི་བྱེད་པར་གྱུར་པས། དཔལ་འབྱོར་ཐད་ཉམས་ཉེན་ཆེན་པོ་བྱུང་བ་དང་། ནང་ཁུལ་དུ་འགལ་བ་དྲག་པོ་གྱུར་ནས་ཉིན་རེ་ལས་ཉིན་རེར་འཚོ་གནས་བྱེད་དཀའ་བ་ཆགས་པས། བཤད་སྟངས་མ་བསྒྱུར་ཐབ་མེད་བྱུང་།” ཞེས་བཤད་ཡོད་པ་རེད། དུས་དེ་ནས་རང་བཙན་རྩོད་མཁན་ཉུང་ཤས་ཤིག་ལས་མེད་པ་དང་། དེ་དག་ལའང་ྋརྒྱལ་བ་རིན་པོ་ཆེའི་བཀའ་ལ་བརྩི་ཡི་མི་འདུག་ཅེས་བཤད་མཁན་ཀྱང་མང་པོ་བྱུང་མྱོང་བ་རེད།
ཡང་མང་པོ་ཞིག་རང་ཉིད་ཀྱིས་རང་བཙན་རྩོད་འདོད་ཀྱང་དབུ་མའི་ལམ་དེ་ྋརྒྱལ་བ་རིན་པོ་ཆེའི་བཀའ་དང་སྐུ་ཞབས་ཟམ་གདོང་གི་བཀའ་རེད་ཅེས་ལངས་ཕྱོགས་འདི་གཉིས་གང་དུ་ཡང་དངོས་གསལ་དོད་པོར་ཐོན་གྱི་མེད་པ་ཡང་ཡོད་པ་རེད། དེ་ཚོ་ནི་སྤྱི་ཚོགས་ནང་ཡོངས་གྲགས་ཀྱིས་མི་སྤྱང་པོ་ཟེར་བ་དེ་ཡིན་རྒྱུ་རེད། དེ་བརྟེན་ལངས་ཕྱོགས་འདི་གཉིས་ནི་ཚ་གྲང་ལྟ་བུའི་ངང་ཚུལ་ཞིག་ཏུ་བསམ་ངོར་འཆར་མཁན་ཡང་མང་པོ་ཡོད་པ་རེད། དེ་ནི་ཆེས་ནོར་འཁྲུལ་ཞིག་ཏུ་བསམ་བཞིན་ཡོད།
༢༽ ལངས་ཕྱོགས་དབུ་མའི་ལམ་ནི།
བཙན་བྱོལ་བོད་གཞུང་གི་དབུ་འཛིན་ཆེ་ཁག་རྣམས་དང་མི་དམངས་ཕལ་ཆེར་བས་ལངས་ཕྱོགས་འདིའི་སྟེང་ནས་ལོ་ངོ་ཉི་ཤུ་་ལྷག་ཙམ་ཕྱིན་ཟིན་པ་དང་། ད་ལྟ་སྐྱོད་བཞིན་པ་དང་། མ་འོངས་པ་ཡང་འགྲོ་རྒྱུ་ཡིན་པ་ནི་ྋགོང་ས་མཆོག་གིས་“ ཐབས་ལམ་ཡག་ཤོས་དབུ་མའི་ལམ་འདི་ཡིན་” ཞེས་གསུངས་པ་དང་། མཁས་དབང་ཟམ་གདོང་མཆོག་གིས་ཀྱང་འདི་ལོ་སུམ་ཅུ་དུས་དྲན་གྱི་བཀའ་ཤག་གི་གསུང་བཤད་ནང་། “ ྋགོང་ས་མཆོག་དང་བཙན་བྱོལ་བོད་མའི་སྒྲིགས་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་ཇུས་ལ་འགྱུར་བ་མེད་”ཅེས་གསུངས་དག་ལས་དཔོག་ནུས། འོན་ཀྱང་རྒྱ་ཆེའི་མི་དམངས་ཀྱི་ལ་གཞིགས་ན་ང་ཚོའི་ལངས་ཕྱོགས་དབུ་མའི་ལམ་ཡིན་ཞེས་རླུང་ལྟར་གྲགས་ཀྱི་ཡོད་ཀྱང་། མི་རེ་ངོ་རེ་ནས་ཞིབ་གཤེར་ཅི་ཡང་མེད་པར་“ བོད་གཞུང་དང་ྋརྒྱལ་བ་རིན་པོ་ཆེའི་བཀའ་རེད་”ཅེས་དང་། “ ཟམ་གདོངབ་རིན་པོ་ཆེས་དེ་འདྲ་གསུངས་ཀྱི་འདུག་” ཅེས་པ་ལས་དམངས་ཚོགས་ནས་དབུ་མའི་ལམ་གྱི་མཐིལ་རྟོགས་མཁན་ནི་ད་དུང་ཡང་དཀོན་ཙམ་ཡིན་པ་ནི། ཆེས་ཉེན་ཚབས་ཆེ་ཤོས་ཤིག་ཏུ་སེམས་སོ། །
དེ་བརྟེན་ང་ཚོའི་མི་དམངས་འདུ་འཛོམས་སར་དང་ཚོགས་འདུ་དང་བགྲོ་གླེང་ཁག་ཏུ་ཡང་རང་དབང་གཙང་མ་ཞེས་ལྷན་སྐྱེས་སུ་ཐོན་གྱི་ཡོད་པ་ནི་ཚང་མས་ཟུར་བལྟས་ལེབ་མཐོང་ཡིན། ད་དུང་ྋགོང་ས་མཆོག་གིས་ཀྱང་རང་བཙན་གསར་དུ་ཐོབ་པའི་རྒྱལ་ཁབ་ཁག་ཏུ་ཕེབས་སྐབས་ང་ཚོ་བོད་པ་ལའང་ཁྱེད་ཚོ་ནང་བཞིན་ཉི་མ་ཞིག་ཤར་བའི་ཡིད་ཆེས་དང་རེ་བ་བྱེད་བཞིན་ཡོད། ཅེས་གསུངས་པས་རང་དབང་ཞེས་ལྷན་སྐྱེས་སུ་མང་པོ་ཐོན་གྱི་ཡོད་པར་བརྟེན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ནས་དབུ་མའི་ལམ་ཞེས་ཁ་ཙམ་ལས་དོན་དངོས་སུ་རང་དབང་གཙང་མ་རེད་ཅེས་བཤད་ཀྱི་ཡོད་པར་ཡེ་རྡོར་གྱིས་“ ཏཱ་ལའི་བླ་མས་འདོད་པའི་དབུ་མའི་ལམ་དེ་མིང་ཙམ་ལས་དོན་གྱིས་སྟོང་བ་རེད་”ཅེས་པ་དང་ཡང་“ འདོད་ཚུལ་དེའི་རྒྱབ་ཏུ་གནས་པའི་འབྱུང་འགྱུར་བོད་རང་བཙན་བྱེད་རྒྱའི་གྲ་སྒྲིག་བྱེད་པའི་ཆབ་སྲིད་ཀྱི་དམིགས་ཡུལ་ལས་སླ་པོ་རྟོགས་ཐུབ་”སོགས་གསལ་པོ་བཤད་ཡོད་པ་རེད།
རེད། འདས་ཟིན་པའི་ལོ་ངོ་ཉི་ཤུའི་རིང་བཙན་བྱོལ་བོད་གཞུང་ནས་དབུ་མའི་ལམ་ཀྱི་གོ་རྟོགས་དང་། ཚོགས་འདུས་ཟབ་སྦྱོང་སོགས་མི་དམངས་ལ་དབུ་མའི་ལམ་གྱི་གོ་རྟོགས་ཇེ་མཐོར་འགྲོ་ཆེད་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཟིན་པ་དང་། ཁ་གཏད་རྒྱ་ནག་ལའང་སྐུ་ཚབ་ཐེངས་དྲུག་ཙམ་དངོས་སུ་ཐུག་སྟེ་ར་སྤྲོད་བྱེད་ཡོད་པ་མ་ཟད། དྲ་རྒྱ་དང་བརྙན་འཕྲིན། གསར་འགྱུར་སོགས་བརྒྱུད་ལམ་ཁག་བཅས་ནས་དབུ་མའི་ལམ་གྱི་རྒྱུད་རིམ་གསལ་བཤད་བྱས་ཡོད་པ་རེད་དེ། ཕྱོགས་གཉིས་ནས་ད་དུང་དབུ་མའི་ལམ་གྱི་མཐིལ་རྟོགས་མེད་པའམ། ཡང་ན་འདོད་འདུན་བསྒྱུར་གྱི་ན་གང་ལྟར་ད་ལྟའི་བར་དངོས་གསལ་དོད་པའི་གྲུབ་འབྲས་ཤིག་སོན་མེད་པར་ཡེ་རྡོར་གྱིས་“ ༡༩༨༧ ལོ་ནས་ད་བར་ལོ་ངོ་ཉི་ཤུ་འདས་ཤིང་ཀྲུང་དབྱང་སྲིད་གཞུང་ཀྱིས་དབུ་མའི་ལམ་སྐོར་ལ་སྔ་ས་ནས་རྣམ་འགྱུར་གསལ་པོར་བསྟན་ཡོད་མོད། འོན་ཀྱང་ཏཱ་ལའི་བླ་མ་ནི་ཐོག་མཐའ་བར་གསུམ་དུ་ངོ་བོའི་ཐོག་སྔར་བཞིན་བོད་རང་བཙན་གྱི་འདོད་ཚུལ་སྣ་ཚོགས་འདོར་འདོད་མེད་པར་དུས་རྟག་ཏུ་བཤད་སྟངས་བསྒྱུར་བར་བརྟེན་ནས་ཀྲུང་དབྱང་དང་གོང་སྒྲིག་པ་ནང་བཞིན་བྱེད་རྩིས་ཡོད་པ་རེད་”ཅེས་དང་། “ འཛེམ་བག་མེད་པའི་སྒོ་ནས་བོད་རང་བཙན་ཞེས་པའི་དར་ཆ་སྒྲེང་རྒྱུའི་གྲ་སྒྲིག་བྱས་པ་གསལ་པོ་མཐོང་ངེས་རེད།”ཅེས་བཤད་པ་ལས་གསལ་པོ་རྟོགས་ཐུབ་པ་ཞིག་རེད།
༣༽ ལངས་ཕྱོགས་གཉིས་ཟུང་འབྲེལ་ནི།
བོད་ཀྱི་གཏམ་དཔེ་ལ་བསམ་རྒྱུ་རྒྱ་གར་བསམ་ནས་བསྐོར་རྒྱུ་ལྷ་ས་བསྐོར་ཟེར་བའི་དཔེ་ལྟར་ཆེ་ས་ནས་བོད་མི་མི་རེ་ངོ་རེ་ནས་རང་བཙན་བསྒྲུབ་དགོས་པ་དང་། རང་བཙན་རྩོད་ལེན་དུའང་ཞུགས་དགོས་པ་རེད། རང་བཙན་དེ་ང་ཚོའི་བསྒྲུབ་བྱ་གཙོ་བོར་བཟུང་འདུག་ཅེས་ཡེ་རྡོར་གྱིས་“ ཏཱ་ལའི་བླ་མས་རྩ་ཁྲིམས་ཀྱི་སྒྲོམ་གཞི་ཟེར་བ་ནི་ཁ་གཡར་ས་ཙམ་ཡིན་པ་གསལ་པོར་མཚོན་ཡོད་ལ། རང་སྐྱོང་ངོ་མ་བྱེད་རྒྱུའི་བླང་བྱ་བཏོན་པ་དང་། བོད་རང་བཙན་བྱེད་རྒྱུའི་བར་གྱི་ཁྱད་པར་ནི་ཤོག་ལྷེ་གཅིག་ལྟར་སྲབ་པོ་ཡིན་པས་མཐིལ་རྟོགས་སླ།”ཞེས་བཤད་པར་ལྟར་ང་ཚོས་ཀྱང་བསྒྲུབ་བྱ་གཙོ་བོར་རང་བཙན་གཟུང་དགོས་པ་རེད་དེ། བོད་རང་བཙན་དང་། རང་སྐྱོང་ངོ་མ་གཉིས་ཀྱི་ཁྱད་པ་ནི་ཤོག་ལྷེ་གཅིག་གི་སྲབ་མཐུག་ལྟ་བུ་གཏན་ནས་མིན། གལ་སྲིད་ང་ཚོ་གཞུང་འབྲེལ་མིན་པའི་ན་གཞོན་རྣམས་ཀྱིས་སྒྲུབ་བཞིན་པའི་རང་བཙན་དངོས་ཀྱིས་འབྲས་བུ་མ་སྨན་ཀྱང་དེའི་ནུས་ཤུགས་ཀྱིས་ཆུང་ས་ནས་རང་སྐྱོང་ངོ་མ་ཞིག་གཞུང་འབྲེལ་རྒྱུད་ལམ་ནས་རྙེད་སྲིད་པ་ཞིག་རེད།
ྋགོང་ས་མཆོག་གི་༡༠༠༣ ལོར་ཧྥ་རིན་སི་ཡི་གསར་འགོད་པས་བཅར་འདྲི་སྐབས་“ གལ་སྲིད་ངའི་ཐབས་ལམ་དབུ་མའི་ལམ་དེ་རང་བཙན་ངོ་མ་བརྩོན་ལེན་བྱས་པ་ལས་ཀྱང་ཕན་ནུས་ཆེ་ཚུལ་འགྲེལ་བཤད་རྒྱག་ཁག་པོར་གྱུར” ཅེས་དང་“ གལ་སྲིད་ངའི་ཐབས་ལམ་འདིར་ཕམ་ཉེས་བྱུང་ཚེ། ན་གཞོན་འདི་དག་ལ་དཔལ་འབར་བཟུང་ནས་རང་དབང་རྩོད་ལེན་བྱེད་པའི་དབང་ཆ་ཡོད་” ཅེས་གསུངས་པ་ལྟར། ང་ཚོའི་ན་གཞོན་རྣམས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱིས་རང་བཙན་རྩོད་ལེན་བྱེད་པའི་དུས་ལ་བབ་པ་ཞིག་རེད་ལ། ང་ཚོ་གཞོན་སྐྱེས་རྣམས་ཀྱིས་རང་བཙན་རྩོད་ལེན་བྱེད་དགོས་པ་ཡང་ྋགོང་ས་མཆོག་གིས་གསུངས་པ་དེ་རེད། འོན་ཀྱང་འདི་ལ་ཡེ་རྡོར་གྱིས་“ ཏཱ་ལའི་མས་རྒྱུན་པར་དུས་མི་འདྲ་བ་དང་། ཡང་ན་དུས་གཅིག་གི་ནང་དུའང་བརྡ་འདྲ་མིན་སྣ་ཚོགས་སྟོན་བཞིན་འདུག་དེའི་འདོད་འདུན་ངོ་མ་ཇི་ལྟར་ཡིན་པ་སུས་ཀྱང་ཁ་ཚོན་གཅོད་དཀའ་” ཞེས་བཤད་ཀྱི་ཡོད་ཀྱང་དེ་ནི་ཁ་ཚོན་གཅོད་དཀའ་བ་ཞིན་མིན་པར་ྋགོང་ས་མཆོག་གིས་འདོད་འདུན་ངོ་མ་ནི་དབུ་མའི་ལམ་གྱི་ཐོག་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་འཐབ་རྩོད་བྱེད་ཀྱི་ཡོད་པ་ལོ་ངོ་ཉི་ཤུ་ལྷག་ལ་ཕྱིར་མིག་བལྟས་ན་རྟོགས་ནུས། གལ་སྲིད་ཐབས་ལམ་འདི་ཡི་ཐོག་ནས་དོན་སྙིང་ལྡན་པའི་ཕན་འབྲས་ཤིག་མ་འཐོབ་ཚེ། ན་གཞོན་རྣམས་ཀྱིས་རང་བཙན་འཐབ་རྩོད་བྱེད་ན་འགྲིག་གི་རེད་གསུངས་པ་ཡིན་སྙམ།
གང་ལྟར་གསལ་པོ་ཞུས་ན་དབུ་མའི་ལམ་འདི་ལོ་སུམ་ཅུ་མ་ཟིན་ཙམ་ཕྱིན་ཀྱང་གྲུབ་འབྲས་ལ་ད་དུང་རེ་སྒུག་ངང་བསྡད་ཡོད་པ་རེད། དེ་བརྟེན་གོང་དུ་བོད་ཀྱི་གཏམ་དཔེ་ལྟར་ང་ཚོས་རྒྱ་ནག་གིས་བཤད་སྟངས་ལས་ལྡོག་ཏེ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚང་མ་དང་། ན་གཞོན་རྣམས་མཉམ་རུབ་ཀྱིས་རང་བཙན་རྩོད་ལེན་བྱེད་དགོས་པ་དང་། བཙན་བྱོལ་བོད་གཞུང་གིས་དབུ་མའི་ལམ་གྱི་སྲིད་ཇུས་ལ་འགྱུར་བ་མེད་པར་བསྡད་དགོས་པ་རེད། དེ་བརྟེན་དབུ་མའི་ལམ་གྱི་རྒྱབ་ནས་རང་བཙན་མིན་པར་རང་བཙན་གྱི་རྒྱབ་ནས་དབུ་མའི་ལམ་གྱི་ཉི་མ་ཞིག་འཆར་སེམས་སོ། །
ཞེས་༢༠༠༧ ལོ་འགོར་བྲིས། དེང་སང་དགོས་ལ་ལྟོས་ཏེ་འདིར་བཀོད་དོ།།