གཞོན་ལྷན་གྱིས་ཟས་བཅད་ངོ་རྒོལ་བྱས་ཏེ་ཉིན་བཅུ་དགུ།

tyc_hunger_strikeགཞོན་ལྷན་གྱིས་རྒྱ་གཞུང་ལ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་ཉིན་༡༩ འགྲོ་ཡི་ཡོད་པ་དང་། རྒྱ་གར་ཉེན་རྟོག་པ་དང་སྨན་པས་ཟས་བཅད་པའི་གཟུགས་པོ་སྐྱོ་པོ་ཆགས་ཡོད་པས། མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་ཡོད་ནའང། མུ་མཐུད་ཟས་བཅད་ལས་འགུལ་སྤེལ་གྱི་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༣ ནས་འགོ་འཛུགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་གསུམ་གྱིས་དགོས་འདུན་བཞི་དང་། འབོད་སྐུལ་གཅིག་བྱས་ཏེ། ལྡི་ལིར་བོད་དོན་ཟས་བཅད་ངོ་རྒོལ་སྤེལ་ནས། ཉིན་༡༩ འགྲོ་ཡི་ཡོད་པ་དང་། སྨན་པས་བརྟག་དཔྱད་གནང་བ་ལྟར་རྒྱ་གར་གཞུང་གི་ཉེན་རྟོག་ལས་འགུལ་མཚམས་དགོས་པའི་ཉེན་བརྡའི་ཡི་གེ་ཟླ་འདིའི་ཚེས་༡༨ ཉིན་བཏང་ཡོད་ནའང། ཁོང་ཚོས་དང་ལེན་མ་གནང་བར་མུ་མཐུད་ཟས་བཅད་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

ཟས་བཅད་པ་འཇིགས་མེད་ཀྱི་གཟུགས་པོའི་ལྗིད་ཚད་ཀི་ལོ་བཅུ་དང་ཕྱེད་ཀ་དང་། དོན་གྲུབ་ལྷ་དར་གྱི་གཟུགས་པོའི་ལྗིད་ཚད་ཀི་ལོ་བཅུ་གཅིག་དང་ཕྱེད་ཀ། སྤེན་པའི་གཟུགས་པོའི་ལྗིད་ཚད་ཀི་ལོ་དགུ་དང་ཕྱེད་ཀ་བཅས་མར་ཆག་ཡོད་པ་རེད།

ཟླ་འདིའི་ཚེས་༢༡ ཉིན་གཞོན་ལྷན་ཟུང་དྲུང་བསྟན་འཛིན་ནོར་བཟང་ལ་ཁ་པར་བརྒྱུད་བཅར་འདྲི་ཞུས་པར། ཁོང་གིས་ལྡི་ལི་ནས་འགྲེལ་བརྗོད་གནང་དོན། “ཟས་བཅད་པའི་གཟུགས་པོའི་གནས་སྟངས་ཛ་དྲག་ཆགས་ཡོད་པ་རེད། ཁྲག་ཤེད་མཚམས་རེར་མཐོན་པོ་ཆགས་པ་དང་། མཚམས་རེར་དམའ་བོ་ཆགས་ཀྱི་འདུག་ལ། ཁ་སྐམ་པ་དང་། སེར་ཁ་གས་པ་སོགས་ཀྱི་དཀའ་ངལ་འདུག དེ་རིང་ཞོགས་པ་ཟས་བཅད་པ་འཇིགས་མེད་ཀྱིས་དབུགས་གཏོང་མ་ཐུབ་པར་དཀའ་ངལ་འཕྲད་ནའང། ཞབས་ཕྱི་བས་ཕུར་མཉེན་གཏོང་བ་སོགས་ཀྱི་ཐབས་ཤེས་བྱས་ཏེ། དབུགས་གཏོང་ཐུབ་པ་བྱུང་སོང་། ད་ལྟ་མུ་མཐུད་དུ་ཟས་བཅད་བྱས་ནས་བསྡད་ཡོད་པ་རེད་”ཅེས་འགྲེལ་བརྗོད་གནང་སོང་།

tyc_2012_9_20ཁོང་གིས་མུ་མཐུད་གསུང་དོན། “ལྡི་ལིར་དགོང་མོ་རྟག་པར་མི་མང་གིས་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་གྱི་ཡོད་ལ། མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཀྱི་ཡོད། དེའི་ནང་མཉམ་ཞུགས་བྱེད་མཁན་མང་པོ་འདུག  ཚེས་༢༣ ཉིན་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་ཞིག་སྤེལ་རྒྱུ་དང་། ཚེས་༢༤ ཉིན་གང་ལ་རྒྱལ་ཚོགས་ཀྱི་ཡིག་ཚང་དང་། ཡུ་རོབ་གྲོས་ཚོགས་ཀྱི་ཡིག་ཚང་དུ་བོད་དོན་རྒྱབ་སྐྱོར་དགོས་པའི་ཡི་གེ་གཏོང་གི་ཡོད། ཡི་གེ་དེ་གློག་འཕྲིན་Email དང་། fax ཁ་པར་བཅས་བརྒྱུད་ནས་ཉིན་གང་ལ་ཡི་གེ་གཏོང་བ་དང་། འབོད་སྐུལ་ཞུ་རྒྱུ་རེད། དེའི་ནང་མཉམ་ཞུགས་བྱེད་ཐུབ་ན་ཡག་པོ་འདུག ད་སྔོན་རྒྱལ་ཁབ་ཁག་མང་པོའི་གཞུང་ཚབ་ཏུ་ཐུག་ཏུ་སོང་ནས་བོད་དོན་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་བྱས་ཡོད། གཟའ་ཟླ་བ་ནས་ཡང་ལས་རིམ་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།

ཁོང་གིས་མུ་མཐུད་གསུང་དོན། “ཁ་སང་ནས་རྒྱ་ནག་གཞུང་ཚབ་ཀྱི་རླངས་འཁོར་ཐོག་རྒྱ་མའི་དར་ཆ་འཕྱར་ནས། ང་ཚོའི་ཟས་བཅད་ངོ་རྒོལ་གཡས་གཡོན་སུ་སྐོར་བསྐྱོད་བྱེད་ཀྱི་འདུག ཁོང་ཚོས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་གསལ་པོ་རེད་”ཅེས་འགྲེལ་བརྗོད་བརྗོད་གནང་སོང་།

ཁོང་གིས་མི་མང་གི་རྒྱབ་སྐྱོར་སྐོར་གསུང་དོན། “རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་བ་མང་པོ་ཐུག་ཏུ་ཡོང་གི་འདུག་ལ། བོད་པ་མི་མང་པོ་འདུག ལྡི་ལི་མ་ཡིན་པའི་ས་གནས་གཞན་ལས་ཟས་བཅད་ལས་འགུལ་བར་མཚམས་འདྲི་དང། གདུང་སེམས་མཉམ་བསྐྱེད་བྱེད་མཁན་མང་པོ་ཡོང་གི་འདུག་ལ། ཁོང་ཚོ་ཟས་བཅད་པ་ཚོ་མཐོང་བ་དང་ངུ་ཡི་འདུག་”ཅེས་འགྲེལ་བརྗོད་གནང་སོང་།།

གཞོན་ལྷན་གྱི་ངོས་ནས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་དང་། ལྟོ་མེད་ཆུ་མེད་ཀྱི་ཟས་བཅད་ངོ་རྒོལ། ཆུ་རྐྱང་འཐུང་བ་ལས་དེ་མིན་ཟས་རིགས་ཚང་བཅད་པའི་ལས་འགུལ་སོགས་ཐེངས་མང་སྤེལ་ཏེ། གཟུགས་པོ་ཧ་ཅང་སྐྱོ་པོ་ཆགས་ཏེ་ཉེན་ཁར་སླེབས་སྐབས། རྒྱལ་སྤྱིའི་དབུ་ཁྲིད་ཁག་གི་རེ་སྐུལ་དང་། རྒྱ་གར་གཞུང་གི་ཉེན་རྟོག་པས་སྨན་ཁང་དུ་བཙན་ཁྲིད་སོགས་བྱས་ཏེ་ལས་འགུལ་མཚམས་འཇོག་དགོས་བྱུང་བ་ཡོང་གི་ཡོད་པ་རེད། ད་ཐེངས་ཀྱི་ལས་ལས་འགུལ་དེ་ཡང་ཆུ་རྐྱང་འཐུང་བ་ལས་དེ་མིན་ཟས་རིགས་ཚང་མ་བཅད་པའི་ལས་འགུལ་ཞིག་ཡིན་པ་རེད།།