རྒྱ་གཞུང་ལ་ངོ་རྒོལ་ཆེད་ཁང་སྟེང་ནས་མཆོངས་འདུག
རྒྱ་གཞུང་གིས་ཡུལ་ཤུལ་གནོད་ཐེབས་ས་ཁུལ་གྱི་ས་གནས་བོད་མི་ཚོའི་ས་ཆ་བཙན་འཕྲོག་བྱས་ཏེ། མི་མང་ལ་མུ་མཐུད་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་འོག ཉེ་ཆར་ཁུལ་དེའི་བུད་མེད་ཅིག་གིས་རྒྱ་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་ཆེད་ཁང་ཐོག་ནས་མཆོངས་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༦ ཉིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༡༠ ལོར་བོད་ཡུལ་ཤུལ་ཁུལ་དུ་ས་འགུལ་ཆེན་མོའི་གནོད་འཚེ་བྱུང་ནས་བཟུང་རྒྱལ་ཁབ་གོང་འོག་རིམ་པས། དུས་ནམ་ཡང་གནོད་ཐེབས་དམངས་ཚོགས་ཀྱི་འདོད་བློ་ཁེངས་པའི་བྱ་འགུལ་སྤེལ་མ་མྱོང་བའི་ཐོག ཡུལ་ཤུལ་བསྐྱར་འཛུགས་ལ་ཁ་གཡར་ནས་ཁུལ་དེའི་ས་ཁྱོན་བརྒྱ་ཆ་ལྔ་བཅུ་ཡན་གཞུང་བཞེས་བཏང་བ་དང་། ལྷག་དོན་ས་ཆ་བཟང་ཤོས་གསུམ་མདོ་དང་། ལམ་ཟུར་གྲོང་དཀྱིལ་ཡོངས་རྫོགས་ནས་འབངས་མིའི་ས་ཁང་ལ་ས་གནས་ཁྲོམ་རའི་གོང་ཚད་ལས། ལྡབ་བཅུ་འགྱུར་གྱིས་ཆུང་བའི་གུན་གསབ་སྤྲད་དེ་བཙན་གྱིས་ལེན་བཞིན་ཡོད་པ་དང་།
ཕྱི་ཚེས་༢༤ ཉིན་གྱི་ཞོགས་པ་ཁུལ་དེར་ཡོད་པའི་ནང་ཆེན་བཀྲ་ཤིས་ཀྱི་མགྲོན་ཁང་ཐོག་བརྩེགས་ལྔ་ཅན་ཞིག་ཡོད་པ། ས་གནས་འབྲེལ་ཡོད་ཚན་པས་བཙན་བཤིག་བྱེད་སྐབས་བཀྲ་ཤིས་ཀྱི་བཟའ་ཟླ་བོད་བདེ་ཁོང་སེམས་ནས་མ་བཟོད་པར། ས་གནས་རྒྱ་ནག་གི་བྱ་སྤྱོད་ལ་ངོ་རྒོལ་བྱས་ཏེ་ཁང་པའི་ཡང་སྟེང་ནས་མཆོངས་ཏེ་སྨན་ཁང་ལ་ཛ་དྲག་མྱུར་སྐྱོབ་བྱེད་བཞིན་ཡོད་པ་རེད་འདུག
