བཀའ་བཞིན་སྒྲུབ་མཁན་ཞིག་ཡིན་མིན་སོམ་ཉིའི་གནས་ལགས།
དེང་བཙན་བྱོལ་སྤྱི་ཚོགས་ནང་༸གོང་ས་མཆོག་གི་བཀའ་སློབ་ཡར་གཏུབས་མར་གཏུབས་བྱས་ཏེ་རང་གི་འདོད་དོན་སྒྲུབ་ཐབས་དང་། རང་དང་མི་མཐུན་པའི་མགོ་བོ་བཅོམ་བྱེད་ཀྱི་ལག་ཆ་བེད་སྤྱོད་གཏོང་བཞིན་ཡོད་པ་འདི་ནི་བོད་མི་རིགས་ཁ་ཐོར་དུ་འགྲོ་བའི་སྔོན་འགྲོ་མིན་ནམ་ཉམས་སེམས་ལ་རྟག་ཏུ་བཞེད་སྣང་དང་དངངས་སྐྲག་སྐྱེ་གཞི་ཞིག་ཏུ་གྱུར།
ང་ཚོ་ཚང་མ་༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་མཁན་ཞིག་དང་། རང་མི་རིགས་ཀྱི་རིག་གཞུང་ཆགས་འཇིགས་ལ་དགོངས་པ་བཞེས་དགོས་པ་ནི་དུས་རབ་ཉེར་གཅིག་པའི་བོད་མི་མགོ་ལ་སྤུ་སྐྱེས་ཚང་མའི་ཟློགས་ཏུ་མེད་པའི་འགན་ཁྲི་ཞིག་ཡིན་པས་ལྟ་ཚུལ་དང་བྱ་བྱེད་ཅུང་ཟད་མི་མཐུན་པའི་རྐྱེན་གྱིས་ཁེར་རྐྱང་དུ་འབུད་ཐབས་ཀྱི་དགོངས་ཚུལ་གསུངས་མཁན་རྣམས་ནི་ཧ་ཅང་གུ་དོགས་ཀྱི་བསམ་ཞིག་རེད། དེ་ནི་སྤྱི་ཚོགས་སྤྱི་ལ་ཕན་དོགས་མེད་པ་མ་ཟད་སྤྱི་ཚོགས་ཁ་ཐོར་དུ་གཏོང་བའི་འབར་རྫས་ཤིག་དང་མཚུངས་པས་ཧ་ཅང་དོགས་ཟོན་བྱེད་དགོས་པའི་གནས་ཤིག་ཡིན། དགྲ་ཕྱོགས་ནས་ཤ་རུས་གཅིག་པའི་སྤུན་ཟླ་མང་པོ་དེ་སྔ་ནས་བེད་སྤྱོད་ལོག་པ་བཏང་ནས་ང་ཚོའི་སྤྱི་ཚོགས་འདི་ཁ་ཐོར་དུ་གཏོང་བའི་ལས་འགུལ་རབ་དང་རིམ་པ་སྤེལ་མྱོང་ཡོད་ལགས་ད་ལྟ་སྤུན་ཟླ་མང་པོ་ཞིག་བེད་སྤྱོད་ལོག་པ་གཏོང་དང་བཞིན་ཡོད་པས་དེ་དག་བེད་སྤྱོད་ལོག་པ་མི་གཏོང་ཆེད་འབད་པ་དགོས་པ་ལས་བེད་སྤྱོད་ལོག་པ་གཏོང་བའི་མཐུན་གྲོགས་བྱས་པ་ཡིན་ན་རྡོ་ཡར་རྐྱག་ནས་རང་གི་རྐང་པར་བཞུས་པ་དང་གཅིག་མཚུངས་མིན་ནམ། འཛམ་གླིང་འདིར་མང་གཙོའི་རྒྱལ་ཁབ་གང་གི་གྲོས་ཚོགས་ལ་ལྟས་ཀྱང་ལྟ་གྲུབ་གཅིག་དགོས་རབ་མེད་ལགས། ལྟ་གྲུབ་གང་བཟུང་ཀྱང་དེ་དངོས་རང་མི་རིགས་དང་རིག་གཞུང་གསོན་ཐབས་དང་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་ལྷག་པའི་བསམ་པ་ཞིག་དགོས་པ་ཡིན། རྒྱ་གར་བཙན་རྒྱལ་དབྱིན་ཇིའི་འོག་ཚུད་སྐབས་གྷན་དྷིའི་འཚེ་མེད་གཞི་བའི་འགོ་ནས་ཐབས་རྩོད་ནང་བ་དང་། དྲག་དཔོན་ར་བྷིའི་ལགས་མཆོག་ནས་དྲགས་ཐབས་ཁོ་ནར་རྟེན་ནས་ཐབས་རྩོད་གནང་ཡོད། འོན་ཀྱང་སྐབས་རེ་ཁོང་གཉིས་ལྟ་གྲུབ་མ་མཐུན་པའི་དབང་གིས་གཅིག་གི་གཅིག་ལ་ངན་སྨྲས་བྱ་དགོས་བྱུང་བའི་ལོ་རྒྱུས་ཡོད་པ་མ་ཟད་ཐེངས་ཤིག་རྫ་དྲགས་ཀྱིས་གནས་སུ་ལྷུང་ནས་ནང་འཁྲུགས་ཡོངས་ཉེའི་སྐབས་ཤིག་ལ་དྲགས་དཔོན་ར་བྷིའི་ལགས་མཆོག་དང་གྷན་དྷིའི་རྗེ་བར་ཐབས་རྩོད་རྣོ་ངར་ཅན་ཞིག་ཏུ་གྱུར་ནས་གྷན་དྷི་རྗེས་གསུངས་དོན་ཁྱོད་ཀྱི་ལྷག་པའི་བསམ་པ་བཟང་པོ་ཞིག་བསྐྱེད་ནས་རྒྱ་གར་མི་མང་རྣམས་སྐྱོབས་ཆེད་ཐབས་རྩོད་གནང་བཞིན་ཡོད་ལགས། ངས་ཀྱང་ཁྱེད་ལྟར་ལྷག་བསམ་ཞིག་བཟུང་སྟེ་རྒྱ་གར་མི་མང་སྐྱོབས་ཐབས་ཀྱི་བསམ་པ་ཡོད་པ་གཅིག་མཚུངས་ཡིན། དེར་རྟེན་ང་ཚོས་གདུང་རྩེ་དགྲ་བོར་ཁ་གཏད་པ་ལས་ལྟ་གྲུབ་མི་མཐུན་པའི་རྒྱུ་མཚན་གྱིས་གདུང་རྩེ་ནང་ལ་མི་གཏད་པའི་དམ་བཅའ་འཇོགས་ཞེས་བཤད་པ་ཞལ་མཐུན་ནས་མཐའ་གཅིག་ཏུ་གཞི་དྲགས་བཟུང་ཏུ་འབྲེལ་ནས་དགྲ་བོར་ཐབས་རྩོད་གནང་ནས་རྒྱལ་ཁ་ལེན་པ་ཡིན། ༸གོང་ས་མཆོག་ནས་ཀྱང་དེ་སྔོན་བཀའ་སློབ་ཞིག་ནང་ཁ་གསལ་པོ་གསུངས་དོན་གཞོན་ནུ་ཚོགས་པས་རང་བཙན་གཙང་མའི་ལྟ་གྲུབ་བཟུང་གི་ཡོད་མང་གཙོའི་ནང་ལྟ་གྲུབ་འདྲ་མིན་ཡོང་གི་རེད། ཞེས་གསུངས་ཡོད། གཞོན་ནུའི་ལྟ་གྲུབ་ལངས་ཕྱོགས་མ་འགྲིག་པ་དང་བཟུང་མི་ཆོག་པའི་བཀའ་གནང་མེད་པ་མ་ཟད་བཟུང་ཆོག་རེད་ཟེར་བཀའ་གསལ་པོ་གནང་ཡོད། དངོས་ཡོད་གནས་ཚུལ་ལ་གཟིགས་ན་ལྷག་བསམ་རྣམ་དག་གིས་བཀའ་དགོངས་ཚུལ་བཞིན་སྒྲུབ་མཁན་ཞིག་ཡིན་ན་རང་གིས་འདོད་ཚུལ་དང་མཐུན་རུང་མ་མཐུན་རུང་བཀའ་གང་གནང་བ་ཐབས་བཅད་མ་གོ་མ་ཐོས་པ་མ་ཡིན་པ་ཚུལ་བཞིན་སྒྲུ་དགོས་པ་ལས། རང་གིས་འདོད་ཚུལ་དང་མཐུན་མིན་གྱི་བཀའ་ལ་ལོག་འགྲེལ་བྱས་པ་ཡིན་ན་བཀའ་བཞིན་སྒྲུབ་མཁན་ཞིག་ཡིན་མིན་སོམ་ཉིའི་གནས་ལགས།