མདོ་སྨད་གཅན་ཚའི་བོད་མི་ཁག་ཅིག་འཛིན་བཟུང་།

བོད་མདོ་སྨད་གཅན་ཚ་རྫོང་དུ་མདའ་རྩེད་འགྲན་སྡུར་ཞིག་གི་སྐབས་རྒྱ་གཞུང་གིས་བོད་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་རེད་ཅེས། ཟླ་འདིའི་ཚེས་༢ ཉིན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་འདུག

བོད་མདོ་སྨད་རྨ་ལྷོ་ཁུལ་གཅན་ཚ་རྫོང་དུ་ཉེ་ཆར་ཕྱི་ཟླ་༩ ཚེས་༧ ནས་བཟུང་ཉིན་༣ གྱི་རིང་རྒྱ་གཞུང་གིས་གོ་སྒྲིག་བྱས་ཏེ། མདའ་རྩེད་འགྲན་སྡུར་ཞིག་འཚོགས་ཡོད་པ་དང་། མདའ་རྩེད་འགྲན་སྡུར་དེའི་སྐབས་བོད་མི་ཁག་ཅིག་གིས་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་པར་བརྟེན། རྒྱ་གཞུང་གིས་ཁོང་ཚོ་འཛིན་བཟུང་བྱས་ཡོད་འདུག་ལ། ཐེངས་འདིའི་མདའ་རྩེད་འགྲན་སྡུར་ནང་ཞུགས་པའི་སྡེ་བ་ཚོར། རྒྱ་སྒོར་མང་པོ་སྤྲད་པ་དང་མདའ་རྩེད་འགྲན་སྡུར་ནང་མ་ཞུགས་པའི་སྡེ་པ་ཚོར་འཇིགས་བསྐུལ་སྣ་ཚོགས་བྱས་ཡོད་འདུག འཛིན་བཟུང་བྱས་པའི་བོད་མི་དེ་དག་གི་མིང་ད་ལྟའི་ཆར་ཤེས་ཐུབ་མེད་པ་དང་། རྒྱ་གཞུང་གིས་གོ་སྒྲིག་བྱས་པའི་མདའ་རྩེད་འགྲན་སྡུར་དེས་ས་གནས་མི་མང་གི་འཆམ་མཐུན་ལ། གནོད་པ་ཆེན་པོ་ཐེབས་ཀྱི་ཡོད་པ་རེད་ཅེས་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་འདུག