ཚོགས་ཆེན་སྔ་རྗེས་གཉིས་ཀྱི་ཁྱད་པར།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༠༦   ཕྱི་ལོ་ ༢༠༡༢/༡༠/༣
དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་ཕྱི་ལོ་༢༠༠༨ ཟླ་༡༡ ཚེས་༡༧ ནས་༢༢ བར་ཉིན་དྲུག་རིང་འཚོགས་པ་དང། ཐེངས་གཉིས་པ་ཉེ་ཆར་ཕྱི་ཟླ་༩ ཚེས་༢༥ ནས་ཚེས་༢༨ བར་ཉིན་བཞིའི་རིང་འཚོགས་ཡོད། ཚོགས་ཆེན་འདི་གཉིས་ཀྱི་དོན་སྙིང་དང་ཆབ་སྲིད་ལས་འགུལ་གྱི་ཁ་ཕྱོགས་ཐད་ནས་མི་འདྲ་བ་ཆེན་པོ་བྱུང་ཡོད་ལ།

ཚོགས་ཆེན་ཐེངས་དང་པོའི་སྐབས་ཕྱི་ལོ་༢༠༠༨ ལོར་བོད་ནང་ཛ་དྲག་གི་འབྱུང་རྐྱེན་རྒྱ་གཞུང་གི་བྱེད་བབས་ཁོ་ན་ལ་བརྟེན་ནས་བྱུང་བ་དང། དེའི་འགན་ཁུར་ཡང་རྒྱ་གཞུང་ལ་ཡོད་པ་སོགས་གཙོ་འདོན་གྱིས་མདོར་ན་བོད་དོན་དེ་རྒྱ་དང་བོད་ཁོ་ནའི་བར་གྱི་གནད་དོན་ཞིག་ལས་བརྒལ་མེད། ཐེངས་འདིའི་ཚོགས་ཆེན་ཐོག་བོད་དོན་དེ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་ལ་ཞུ་གཏུག་དང་འབྲེལ་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་བསྒྱུར་རྒྱུ་དེ་གཙོ་འདོན་བྱས་འདུག་པ་ནི། ཚོགས་ཆེན་འདི་གཉིས་ཀྱི་ཁྱད་པར་རེད། དེ་བཞིན་ཚོགས་ཆེན་འདིར་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུའི་སྐོར་ལའང་བསམ་འཆར་མང་པོ་བྱུང་བ་བཞིན་མཐའ་མའི་རྒྱབ་གཉེར་ནང་དུའང་འཁོད་ཡོད་པ་རེད།

ཚོགས་ཆེན་ཐེངས་དང་པོའི་ནང་“སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་དུས་ནས་དུས་སུ་སྲིད་བྱུས་ལམ་སྟོན་ཅི་སྩལ་ལ་ཤར་སྐྱོད་བྱ་རྒྱུར་སྤྱི་མོས་དང༌། མུ་མཐུད་དབུ་མའི་ལམ་དུ་བསྐྱོད་རྒྱུར་མང་མོས། ལྷག་པར་འདས་པའི་རྒྱ་གཞུང་གི་བྱེད་བབ་ལ་གཞིགས་ཏེ། ད་ཡོད་འབྲེལ་མོལ་སྐུ་ཚབ་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུ་དང༌། དུས་ཐུང་ནང་གྲུབ་འབྲས་མ་སོན་ཚེ་རང་བཙན་དང་རང་ཐག་རང་གཅོད་རྩོད་ལེན་གྱི་སྲིད་བྱུས་འཛིན་དགོས་པའི་བསམ་འཆར་ཡང་ཤུགས་ཆེ་བྱུང༌།”ཞེས་དང། ཐབས་ལམ་ནི། “དབུ་མའི་ལམ་དང་རང་བཙན། རང་ཐག་རང་གཅོད་སོགས་བོད་མིའི་འཐབ་རྩོད་ཀྱི་ལམ་ཕྱོགས་གང་དུ་བསྐྱོད་ཀྱང༌། དམིགས་ཡུལ་སྒྲུབ་བྱེད་ཀྱི་ཐབས་ལམ་ནི་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ཁོ་ན་མུ་མཐུད་བསྟེན་རྒྱུའི་ཐག་གཅོད་དང་ལག་བསྟར་བྱ་རྒྱུ།” ཚོགས་ཆེན་འདིར་ཡང་“བོད་དོན་ལས་འགུལ་ཅི་འདྲ་ཞིག་སྤེལ་རུང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པར་བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ནས་ཆིག་སྒྲིལ་དང་ལངས་ཕྱོགས་བརྟན་པོས་ཤར་སྐྱོད་ཐུབ་པ་བྱེད་རྒྱུ།”ཞེས་འཁོད་ཡོད་པ་རེད།

ཚོགས་ཆེན་འདིའི་ནང་“མཉམ་འབྲེལ་རྒྱལ་ཚོགས་དང༌། ཡུ་རོབ་མཐུན་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་ལས་འགུལ་མུ་མཐུད་སྤེལ་དགོས་ལ། དེ་ཡང་བོད་ནང་གི་ཛ་དྲག་གནས་སྟངས་དང༌། ཆོས་དད་རང་དབང། འགྲོ་བ་མིའི་ཐོབ་ཐང༌། ཁོར་ཡུག ཤེས་ཡོན་གྱི་གནས་སྟངས། འབྲོག་པ་རྣམས་བཙན་ཤེད་ཀྱིས་གནས་སྤོ་བྱེད་བཅུག་པ་སོགས་བོད་ནང་གི་གནས་སྟངས་ཁ་གསལ་དཔང་རྟགས་དང་བཅས་ངོ་སྤྲོད་དང་འབྲེལ། རྒྱ་གཞུང་གི་སྲིད་བྱུས་ངན་པ་དེ་དག་མཚམས་འཇོག་ཡོང་བར་རྒྱལ་སྤྱིའི་ཐོག་ནས་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་དུས་ཐོག་མུ་མཐུད་ཞུ་དགོས་ཐོག དོན་གཅོད་མེད་པའི་རྒྱལ་ཁབ་ཁག་ཏུ་དོན་གཅོད་དང་། ཡང་ན་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ཐབས་བྱེད་དགོས།”ཞེས་སོགས་བོད་དོན་ལ་རྒྱ་གཞུང་གིས་ཡ་ལན་དང་ཐག་གཅོད་གང་ཡང་མ་བྱས་པར་བརྟེན། བོད་དོན་རྒྱལ་སྤྱི་ཅན་དུ་བསྒྱུར་རྒྱུ་དེ་ཚོགས་ཞུགས་པ་ཡོངས་ཀྱི་སྤྱི་མོས་ཀྱིས་གཏན་འབེབས་བྱས་ཡོད་པ་རེད།

སྐབས་འདིའི་ཚོགས་ཆེན་ནང་བོད་ནང་གི་ཛ་དྲག་གནས་སྟངས་འབྱུང་རྐྱེན་སྤྱི་དང་བྱེ་བྲག་རང་ལུས་མེར་སྲེག་བཅས་ཀྱི་གནས་ཚུལ་འབྱུང་རྐྱེན་རྒྱ་གཞུང་གི་སྲིད་བྱུས་ཁོ་ན་ལ་བརྟེན་ནས་བྱུང་བ་གཅིག་གྱུར་གྱིས་ངོས་འཛིན་དང། རང་ལུས་མེར་སྲེག་གིས་བོད་དོན་ལས་འགུལ་སྤེལ་བཞིན་པ་འདིའི་ངོ་བོ་ནི། རྒྱལ་སྤྱིའི་སྟེང་འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་ཤིག་ཡིན་པར་ངོས་འཛིན་དང་སྦྲགས་རང་ལུས་མེར་སྲེག་གི་ལས་འགུལ་ལ་བློ་འཚབ་ཆེན་པོ་ཡོད་པ། བོད་མི་རྣམས་ཀྱིས་སླད་ཕྱིན་སོ་སོའི་ཚེ་སྲོག་ལ་གཅེས་འཛིན་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད། དེ་བཞིན་བོད་ནང་དུ་དམ་དྲག་དང་༸གོང་ས་མཆོག་ལ་གཞི་མེད་ཀྱི་མཚན་སྨོད་གང་བྱུང་བྱེད་བཞིན་པ་ནི། གཞིས་བྱེས་བོད་མི་ཡོངས་ཀྱི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ན་ཟུག་གཏོང་གི་ཡོད། ད་དུང་རྒྱ་གཞུང་གི་མཁྲེགས་འཛིན་སྲིད་བྱུས་ལ་འགྱུར་བ་མ་བཏང་ན་བོད་ས་ཁྱོན་ཡོངས་སུ་ད་ལྟའི་གནས་ཚུལ་འདི་ལས་ཇེ་སྡུག་ཏུ་འགྱུར་སྲིད་པས། འབྱུང་འགྱུར་གྱི་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁྱེར་དགོས་པའི་ཐ་ཚིག་ཀྱང་བསྒྲགས་འདུག

ད་ལན་ཚོགས་ཆེན་ཐོག་བྱུང་བའི་མཐའ་མའི་སྙན་ཐོ་དེ་སྤྱི་མོས་ཀྱིས་གཏན་འབེབས་བྱས་ཡོད་པ་དང། དེའི་ནང་དོན་ཁག་འཛིན་སྐྱོང་དང། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་ནས་ལག་བསྟར་བྱེད་དགོས་པ་མང་པོ་བྱུང་ཡོད་པ་མ་ཟད། བོད་དོན་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས་སྐོར་ཚོགས་ཆུང་ཁག་བཅུར་ཆ་བགོས་ཀྱིས་གྲོས་བསྡུར་གང་མང་བྱས་ནས་གཏན་འབེབས་བྱས་པའི་སྙན་ཐོ་དེ་དག་ཀྱང་ལས་འགུལ་སྤེལ་བའི་སྐབས་སུ་ལག་བསྟར་བྱེད་དགོས་པ་མཐའ་མའི་རྒྱབ་གཉེར་སྙན་ཐོའི་ནང་གསལ་པོ་འཁོད་ཡོད་པ་རེད། འོན་ཀྱང་ཚོགས་ཆུང་ཁག་གི་སྙན་ཐོའི་ནང་ལས་འགུལ་གྱི་རྣམ་གྲངས་མང་པོ་ཡོད་པ་དེ་དག་ནི་མང་ཆེ་བ་ད་ལྟའི་ཆར་བྱེད་བཞིན་པ་འབའ་ཞིག་ཡིན་པས། དེ་དག་ཡར་རྒྱས་དང་ཚགས་ཚུད་དུ་གཏོང་དགོས་པ་ཞིག་ལས་བསམ་ཚུལ་དང་འཆར་གཞི་གསར་པ་དམིགས་བསལ་དེ་འདྲ་གང་ཡང་བྱུང་ཡོད་མི་འདུག།།