བཙུན་མ་གཉིས་དང་མི་སྐྱ་གཉིས་ལ་ཁྲིམས་ཆད།

    དཀར་མཛེས་རྗེས་བཟུང་མདའ་གྲོང་ནས་ཡིན་པ་ཕ་སངས་རྒྱས་ཚེ་རིང་དང༌། མ་སྐལ་དབང་གཉིས་ཀྱི་བུ་རང་ལོ་ ༡༨ ཅན་ངག་དབང་བཀྲིས་དང༌། དཀར་མཛེས་གཞི་གླིང་མདའ་གྲོང་ནས་ཡིན་པ་ཕ་མགོན་པོ་དགྲ་འདུལ་དང༌། མ་དུང་མཚོ་སྒྲོལ་མ་གཉིས་ཀྱི་བུ་རང་ལོ་ ༡༨ ཅན་རྡོ་རྗེ་བཀྲིས་གཉིས་༢༠༠༨ ཟླ་ ༣ ཚེས་ ༡༨ ཉིན་རྫོང་ཐོག་ཏུ་ཞི་རྒོལ་ཆེན་མོ་སྐབས་མཉམ་ཞུགས་བྱས་རྐྱེན་ཉིན་དེར་འཛིན་བཟུང་བྱས་པ་དང༌། དེ་ནས་ཟླ་ཤས་རྗེས་བྲག་འགོ་རྫོང་གི་བཙོན་ཁང་ཞིག་ནང་ཡོད་པ་ཤེས་རྟོགས་བྱུང་ཡོད་ནའང༌། ཉེ་ཆར་ཁོང་གཉིས་ཀར་ལོ་ ༣ རེ་ཡི་ཁྲིམས་ཐག་བཅད་ནས་རྒྱ་ནག་གི་བཙོན་ཁང་ཞིག་ཏུ་ཁྲིད་ཡོད་འདུག སྔོན་མ་ཁོང་གཉིས་ཀྱི་ལོ་རྒྱུས་ཁྲོད་དུ་འཛིན་བཟུང་བྱེད་དུས་ངག་དབང་བཀྲིས་ཕྱི་ཟླ་ ༦ ནང་དང༌། རྡོ་རྗེ་བཀྲིས་ཕྱི་ཟླ་ ༥ ཚེས་ ༡༥ ཉིན་བྲིས་འདུག་ནའང་སྐབས་དེར་གནས་ཚུལ་མཁོ་སྤྲོད་པའི་ཤེས་རྟོགས་བྱུང་ཚེས་བཀོད་པ་ལས། ཁོང་གཉིས་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ཞི་རྒོལ་ཆེན་མོའི་གྲལ་ཡོད་རྐྱེན་ཉིན་དེའི་དགོང་མོར་འཛིན་བཟུང་བྱས་ཡོད་པ་རེད་ཅེས་དྷ་ས་ཏྲེ་ཧོར་སྐྱིད་སྡུག་ནས་མཁོ་སྤྲོད་གནང་སོང༌།།