མར་མེའི་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ།

ཟླ་འདིའི་ཚེས་༥ ཉིན་བོད་དོན་ཆེད་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གཏོང་མཁན་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད། དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་མཆོད་འབུལ་སྨོན་ལམ་ཞིག་འཚོགས་པ་དང་། ཕྱི་དྲོ་མི་མང་གིས་མར་མེའི་ཁྲོམ་སྐོར་ཞིག་བྱས་ཡོད་པ་རེད།

ཕྱི་ཟླ་༩ ཚེས་༢༩ ཉིན་སྐྱེས་ཡུལ་ཆབ་མདོ་རྫོང་ཀརྨ་གཡུ་མཚོ་ནས་ཡིན་པ་གཡང་དྲུང་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བ་དང་།  ཕྱི་ཟླ་༣ ཚེས་ ༡༤ ཉིན་བོད་མདོ་སྨད་རེབ་གོང་རོང་བོ་དགོན་པའི་དགེ་འདུན་པ་འཇམ་དབྱངས་དཔལ་ལྡན་གྱིས་རང་ལུས་མེར་སྲེག་བཏང་སྟེ། ཕྱི་ཟླ་༩ ཚེས་༢༩ ཉིན་གྱི་དགོང་དྲོ་རང་ཤག་ཏུ་འདས་གྲོངས་སུ་སོང་། ཕྱི་ཟླ་༡༠ ཚེས་༤ ཉིན་ནག་ཆུ་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་རང་ལོ་༤༣ ལ་སོན་པ་ཁམས་འབྲི་རུ་རྫོང་གི་བོད་མི་དགུ་འགྲུབ་ཀྱིས། རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར། གདུང་སེམས་མཉམ་སྐྱེད་ཀྱིས་མྱ་ངན་རྗེས་དྲན་ཞུ་སླད་ཟླ་འདིའི་ཚེས་༥ ཉིན་ཆོས་དོན་ལས་ཁུངས་ཀྱི་གོ་སྒྲིག་འོག གཞུང་གི་ལས་ཁུངས་ཁག་སྒོ་བརྒྱབ་སྟེ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་བརྒྱ་ཚར་འབུལ་ཤོམ་ཞུས་ཡོད་པ་རེད།

མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་གྲྭ་མཁན་རིན་པོ་ཆེ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས་་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། ས་གནས་ཀྱི་མི་མང་བཅས་མཉམ་ཞུགས་བྱས་འདུག

ཟླ་འདིའི་ཕྱི་ཚེས་༥ ཉིན་གྱི་དགོང་དྲོའི་ཆུ་ཚོད་༦ དང་ཕྱེད་ཀྱི་སྟེང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། དྷ་སའི་ས་གནས་གཞོན་ལྷན། དྷ་སའི་ས་གནས་བུད་མེད། སྦྲ་སོག་འབྲི་གསུམ་མཉམ་འབྲེལ་སྐྱིད་སྡུག་བཅས་ཀྱི་གོ་སྒྲིག་འོག དྷ་སའི་ཉེ་འཁོར་གྱི་སེར་སྐྱ་མང་ཚོགས་དང་བོད་དོན་རྒྱབ་སྐྱོར་བ་བཅས་མཉམ་འཛོམས་ཀྱིས། ཟླ་འདིའི་ཕྱི་ཚེས་༤ ཉིན་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་བྱས་ཏེ་སྐུ་གྲོངས་པ། རྒྱལ་གཅེས་དཔའ་བོ་དགུ་འགྲུབ་ཁོང་ལ་བཀའ་དྲིན་རྗེས་དྲན་དང་། ཤུལ་ལྷག་ཁོང་གི་ནང་མི་སྤུན་ཟླ་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་དྷ་སར་མར་མེ་ཁྲོམ་སྐོར་ཞིག་བྱས་ཡོད་པ་རེད།

ཐོག་མར་མེག་གྷན་རླངས་འཁོར་འབབ་ཚིགས་ནས་འགོ་བརྩམས་ཏེ། མི་མང་གིས་ལག་པར་མར་མེ་དང་ཁ་དར་བཟུང་སྟེ་བྱང་ཆུབ་སེམས་མཆོག་མ་སྐྱོར་ཞོར། གཞུང་ལམ་སུམ་མདོ་རུ་བསྐོར་བ་བྱས་མཐར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི། དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་དུ་མཉམ་འཛོམས་བྱས་སོང་། དེར་སྦྲ་སོག་འབྲི་གསུམ་གྱི་སྐུ་ཚབ་སྐུ་ཞབས་བསྟན་འཛིན་སྐལ་ལྡན་གྱིས་རྒྱལ་གཅེས་དཔའ་བོ་དགུ་འགྲུབ་ཁོང་གི་ལོ་རྒྱུས་ངོ་སྤྲོད་དང་། ཁོང་ནམ་རྒྱུན་བོད་དོན་ཐོག་སེམས་ཤུགས་ཆེན་པོ་ཡོད་ས་ཞིག་ཡིན་སྐོར། དེ་བཞིན་ཁོང་གི་ཞལ་ཆེམས་ཀྱི་ནང་དོན་ལྟར་ང་ཚོ་བོད་མི་ཚང་མས་རྡོག་རྩ་ཆིག་སྒྲིལ་བྱེད་དགོས་སྐོར་སོགས་བརྗོད་སོང་།

དེ་རྗེས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྡོ་རྗེ་ཚེ་བརྟན་གྱིས་བོད་སྐད་ཐོག་མར་མེའི་ཁྲོམ་སྐོར་དང་འབྲེལ་བའི་གཏམ་བཤད་དང་། འཇིགས་བྲལ་ལགས་ཀྱིས་དབྱིན་སྐད་ཐོག་གཏམ་བཤད་བྱས་སོང་ལ། མཐར་ལས་འགུལ་གོ་སྒྲིག་པ་ས་གནས་གཞོན་ནུའི་དྲུང་ཆེ་ལམ་བཟང་གིས་རྒྱལ་གཅེས་དཔའ་བོ་དགུ་འགྲུབ་ཁོང་གི་ཞལ་ཆེམས་ཀྱང་མང་ཚོགས་ནང་སྒྲོག་སྦྱངས་བྱས་སོང་། །