ཁྱོད་ཀྱི་ཚེ་ཚད་དང་ངའི་ཞལ་ཆེམས།

             ཁྱོད་ཀྱི་ཚེ་ཚད་དང་ངའི་ཞལ་ཆེམས།

 

ངས་འཇིག་རྟེན་གྱི་སྒོ་ཆེན་འདི་ནས་རྒྱས་སྤྲོས་ཀྱི་གསོལ་སྟོན་མ་བཤམས་ལ    

ངུ་འབོད་ཀྱི་ཧྲག་དབར་འདི་ནས་དོན་མེད་ཀྱི་ཅ་ཅོ་ཡང་མ་བསྒྲགས               

རེད་དེ་་་་་ཁུ་སིམ་གྱི་དབྱར་དུས་དེ་འཁྱག་སིབ་སིབ་ཀྱི་དགུན་དུས་སུ་རླན་དུས         

ཚོར་མ་མྱོང་བའི་འཇིགས་སྐྲག་གི་འུར་སྒྲ་འདི་གང་ནས་སླེབས།

 

ཅི་ཡང་མི་འབྱུང་བའི་སྨོན་སེམས་ཀྱི་རེ་བ་དཀར་བོ་དྲན་འཛིན་ལ་དཔར་ཏེ                             

སྲང་ལམ་གྱི་སྐད་ཆ་ཕྲ་མོ་དག་ཡིད་ཡུལ་ལ་སྒོམ་བཞིན་                                                  

ཨེ་བདེན་མི་བདེན་གྱི་རླུང་སྒྲ་ལ་སོམ་ཉི་བྱེད་དུས                                                     

ངའི་དྲན་པ་དང་གློ་བ་ཡོངས་རྫོགས་ས་རྡོ་དང་བྱེ་མའི་རང་གཟིགས་སུ་གྲུབ།   

 

ནམ་འཆི་ཆ་མེད་དང་འཆི་རྐྱེན་ངེས་མེད་ཀྱི་སྒྲུང་རིང་ལ་མོས་པ་བྱེད་ཞོར                                       

མཆོང་ཆོག་ཆོག་གི་དཔང་གདངས་རང་ཉིད་ནས་བརྩམས་ཏེ                                                   

གང་ནས་འོང་མི་ཤེས་པའི་འུར་སྒྲ་ཆེན་པོ་དེར་སྟོང་སྒྲུག་བྱེད་དུས                                              

བདག་ནི་སྟོང་སྒོམ་གྱི་རླངས་པ་སྙིང་ཁར་བརྒྱབ་ཏེ་དངངས་སྐྲག་གིས་གྲོངས།                                        

 

ཅོ་གསེང་གི་སྐྲ་ཉག་རེ་རེ་རླུང་བུ་དག་གི་བཞུར་རྒྱུན་ལ་བརྒྱུས་ཤིང                                              

ཞོས་འདབས་ཀྱི་ལྕགས་རི་ཚུན་ཆད་ཡོམ་ཡོམ་གྱིས་ལྷགས་པས་སྐྱོད་དེ                                         

གནམ་ས་གཉིས་ཀྱི་བང་རིམ་ལ་གས་ཆག་གི་སྣང་ཤེས་སྟེར་དུས                                               

བདག་ནི་སྤུ་ཉག་ལྟ་བུའི་འདུས་ཤེས་ཀྱི་གཡུལ་ས་རུ་འཐིམ།                                                 

 

ད་ལོ་དང་ན་ནིང་ནི་འུ་གཉིས་ཀྱི་མཐར་མཇུག་གི་ཚེ་ཚད་ཡིན་སྲིད་ལ                                        

སང་ཉིན་དང་དེ་རིང་ནི་འུ་གཉིས་ཀྱི་ཞལ་ཆེམས་ཀྱི་ས་མིག་ཀྱང་ཡིན་སྟབས                                           

ས་ཡོམ་ལ་རྡུགས་ར་མི་འདོན་པར་མལ་ས་ནས་འཆི་གྲབས་ཀྱིས་དང    

ཧ་ཅིང་ཆེ་རྒྱུ་མེད་པའི་འཇིག་རྟེན་གཞན་ཞིག་གི་ངོ་གདོངས་མཐོང་ཐུབ་ཨང་།                                          

                                                      

                                                                  ༢༠༡༢ཟླ་༡༠་ཚེས་༤་ཉིན་ལ་བྲིས།