བླ་མའི་ཆེ་བ་དབྱངས་ལ་བཀུག་པ།
བླ་མའི་ཆེ་བ་དབྱངས་ལ་བཀུག་པ།
ཁྱེད་སྐུ་མི་འཇིག་བྲག་དཀར་ལྷུན་པོ་ལྟར།།
ཁྱེད་ཐུགས་ཕ་མཐའ་མི་མངོན་ལྷ་ལམ་བཞིན།།
ཁྱེད་གསུང་ཡན་ལག་དྲུག་ཅུའི་དབྱངས་ལྡན་ལ།།
དམ་པ་ཁྱེད་ལ་སྒོ་གསུམ་གུས་པས་བཏུད།།
ཉམ་ཐག་འགྲོ་བའི་སྡུག་བསྔལ་རབ་གཟིགས་ནས།།
བཅོས་མིན་བྱམས་བརྩེའི་རྦ་རླབས་འཕྱུར་བ་ཡིས།།
ཡིད་འོང་མཛེས་ལྡན་ས་ལའི་སྨན་ལྗོངས་སུ།།
བསམ་བཞིན་སྲིད་འདིར་མི་ཡི་རྣམ་རོལ་ལོ།།
ཁ་བ་གངས་ཅན་ཉམ་ཐག་སྨག་རུམ་དུས།།
གངས་ལྗོངས་བསྟན་སྲིད་ལྕི་མོ་ཕྲག་ཏུ་བཞེས།།
མི་ཉམས་རྒྱུན་འཛིན་སླར་གསོའི་མཛད་ཆེན་བསྐྱངས།།
ཁྱེད་ཉིད་དྲིན་ལས་ཆོས་སྲིད་གཟེངས་སུ་ཐོན།།
སྐྱིད་པའི་གངས་ཅན་ཆོས་ལྡན་ཞིང་ཁམས་དེ།།
ཁྲེལ་མེད་རྒྱ་དམར་ཀླ་ཀློའི་ཧམ་གྱིས་འཕྲོག།
སྤུན་ཟླ་གྲངས་མེད་དམར་པོའི་ཁྲིམས་འོག་བཅུན།།
སྤུན་ཟླ་དུ་མ་གནས་མེད་ཕྱོགས་མཐར་འཁྱམས།།
དེ་ལྟར་ལས་དབང་དམར་པོར་མ་བཟོད་ནས།།
འཕགས་ཡུལ་འཚོ་སྡོད་རྟེན་གཞི་གསར་བཙུགས་ལ།།
ཤེས་བྱའི་འདབ་བརྒྱ་བཀྲོལ་བའི་སྐྱེས་ཚལ་སྐྲུན།།
གནས་གཞི་མེད་ཀྱང་ཆོས་སྲིད་དགུང་ལ་བཏེགས།།
འཛམ་གླིང་ཞི་བདེ་སྐྲུན་པའི་དེད་དཔོན་གྱིས།།
གསུང་དབྱངས་བདུད་རྩིའི་ཆ་ཤས་རེ་རེ་ཡང་།།
སྐྱེ་བོའི་སྒྲ་འཛིན་བུ་གར་ཐོས་པས་ན།།
མ་རིག་སྡུག་བསྔལ་དུ་སྤྲིན་ཀུན་སེལ་ལོ།།
ཁྱེད་སྐུ་གཟིགས་བྱིན་འོད་སྟོང་འབར་བ་ཡིས།།
གདུག་རྩུབ་སྐྱེ་བོ་ཀུན་གྱི་འདྲེན་བྱེད་དུ།།
མཇལ་བ་ཙམ་གྱི་ཟིལ་གྱི་གནོན་པ་སོགས།།
དམ་པ་ཁྱེད་ཀྱི་ཡོན་ཏན་ངོ་མཚར་ཆེ།།