ལྷ་སྨོན་པ་ལ་བགྲོ་བ།

 ཐེངས་འདིར་དུས་ཁོམ་ཞིག་བྱུང་པར་བང་ཆེན་ཟིན་བྲིས་ལ་སླར་ཡང་ཐེངས་ཤིས་ལྟ་ཁོམ་བྱུང་པ་དང་།དྲ་མིང་ལྷ་སྨོན་པ་ཞེས་པ་ཞིག་གིས་སེར་སྨད་ཡང་སྟེན་སྤྲུལ་སྐུ་ལ་བགྲོ་བ་ཞེས་པའི་ཟིན་བྲིས་ཤིག་སྤེལ་འདུག་ལ།ལྟོས་ཚོད་ལ་ཟིན་བྲིས་དེ་རང་ཉིད་ཀྱིས་དཔྱད་ཞིབ་ཡངས་མོ་གནང་ཡོད་པར་མཐོང་ཚོར་བྱུང་།དེ་ཡང་རྒན་སེར་རྟ་ཚུལ་ཁྲིམས་ལགས་ཀྱིས་གནད་དོན་འདིའི་ཐོག་ལ་ཕྱོགས་སུ་མ་ལྷུང་པའི་དགོངས་ཚུལ་མང་ཙམ་སྤེལ་ཐུབ་ན་ཡག་པོ་འདུག་ཅེས་གསུངས་པ་བཞིན་ང་རང་གིས་ཀྱང་ཁོང་གི་དགོངས་ཚུལ་ཐད་བསམ་ཚུལ་ཁ་ཤས་འབྲི་འདོད་བྱུང་།

མངོན་འདོད་དེ་སྲུང་སྐྱོབ་ཐུབ་པའི་ལམ་ཁ་ཞིག་ཇི་ལྟར་འདེམས་དགོས།

ཁོང་གིས་མངོན་འདོད་དང་མི་འཚམ་པའི་ལམ་ཁ་ཞིག་ཇི་ལྟར་འདེམས་དགོས་ཞེས་གསུངས་ཡོད་ནའང་། ངས་བསམ་པར་ང་ཚོས་མངོན་འདོད་དང་འཚམ་མིན་གྱི་ལམ་ཁ་འདེམས་སྟངས་མ་གླེང་སྔོན་དུ།ང་ཚོའི་མངོན་འདོད་དེ་ག་རེ་ཡིན་མིན་ཐད་བསམ་བློས་གཏོང་དགོས་སྙམ། ངས་བསམ་པར་ང་ཚོའི་མངོན་འདོད་ནི་བོད་ཀྱི་ཆོས་དང་རིག་གནས། ལེགས་བྱང་གོམས་སྲོལ་སོགས་རང་སོར་གནས་ཐུབ་པ་དང་བོད་ཀྱི་ངོ་བོ་འདི་ཉིད་ནམ་མཁའི་འཇའ་ཡལ་པར་བཞིན་མིན་པར་བརྟན་གནས་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་མངོན་འདོད་རེད་བསམ། རང་བཙན་དང་དབུ་མའི་ལམ་སོགས་ནི་ལྟ་གྲུབ་སོ་སོས་ནས་མངོན་འདོད་འདི་ཉིད་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ཙམ་ཡིན་པས། ད་ལྟའི་ཆར་ང་ཚོས་མངོན་འདོད་དང་འཚམ་མིན་གྱི་ལམ་ཁ་ཞིག་འཚོལ་པ་ལས་མངོན་འདོད་འདི་ཉིད་ཇི་ལྟར་སྲུང་སྐྱོབ་ཐུབ་མིན་གྱི་ལམ་ཁ་ཞིག་འཚོལ་དགོས་གལ་ཆེ་སྙམ།

ཡང་སྟེང་རིན་པོ་ཆེ་ནས་ཐའེ་ཝན་དཔེ་རུ་བཀོད་ནས་ཨ་རིས་ཐའེ་ཝན་ལ་རང་བཙན་ལེན་རོགས་མ་བྱས་པས། བོད་ལ་དེ་བས་རྒྱབ་སྐྱོར་བྱེད་མི་སྲིས་ཚུལ་གསུངས་ཡོད་པར་རྒྱུ་མཚན་མེད་པ་མ་རེད་སྙམ། དེ་སྔོན་སྤྱི་ལོ༡༩༤༩ལོ་ནས་༡༩༧༡ལོ་བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་ཐའེ་ཝན་ནི་རྒྱལ་ཚོགས་དེའི་ཆ་ཤས་སུ་འདེམས་ཐོན་བྱུང་ཡོད་ལ།ཐའེ་ཝན་ནས་ཀྱང་ལོ་ངོ་སུམ་ཅུ་སོ་གྲངས་རིང་རྒྱལ་ཚོགས་སུ་རྒྱལ་ཁབ་ཅིག་གི་ཐོབ་ཐང་ལ་ལོངས་སུ་སྤྱད་རྒྱུ་བྱུང་མོད། འོན་ཀྱང་སྤྱི་ལོ་༡༩༧༡་ནས་བཟུང་རྒྱལ་ཚོགས་དེས་ཐའེ་ཝན་ནི་ངོས་ལེན་མེད་པའི་རྒྱལ་ཁབ་ཅིག་ཏུ་བརྩིས་སྟེ་རྒྱལ་ཚོགས་ནས་གནས་དབྱུང་བཏང་པ་དང་། དེའི་འཚབ་ཏུ་རྒྱ་ནག་འཇོག་པ་རེད། དེའི་རྗེས་སུ་ཐའེ་ཝན་གྱིས་ཇི་ལྟར་བརྩོན་ལེན་བྱས་ཀྱང་སུས་ཀྱང་དོན་དམ་གྱིས་ཐའེ་ཝན་ལ་རྒྱལ་ཁབ་ཡིན་པའི་ངོས་ལེན་དང་དེ་ཉིད་རྒྱལ་ཚོགས་སུ་ཚུད་པར་རོགས་རམ་བྱས་ཐུབ་མེད་ལ། དེའི་ཐད་དོན་དམ་གྱིས་བརྩོན་ལེན་ཀྱང་བྱས་འདོད་བྱུང་མེད།

ཡང་ཁོང་གིས་“སྤྱི་ལོ་༡༩༩༧ལོར་རྒྱ་ནག་གིས་ཐའེ་ཝན་ལ་དམག་རྒྱག་གྲབས་བྱེད་སྐབས་འཛམ་གླིང་དུ་ཆེ་ཤོས་སུ་གྲགས་པའི་ཨ་རིའི་དམག་གི་མཚོ་གྲུ་དེ་ཉིད་ཐའེ་ཝན་གྱི་མཚོ་འགྲམ་དུ་སླེབས་ནས་སྲུང་སྐྱོབ་བྱས་ཡོད་ལ། ད་དུང་རྒྱ་ནག་གིས་ཁ་རྡུང་དང་གནོན་ཤུགས་ལ་མ་ཉན་པར་ཐའེ་ཝན་ལ་ཨ་རིའི་གཞུང་གིས་གོ་མཚོན་འབོར་ཆེན་ཚོང་བསྒྱུར་བྱེད་བཞིན་པ་འདིས་མིང་ཙམ་གྱིས་རྒྱ་ནག་གཅིག་གི་ལྟ་ཚུལ་འཛིན་བཞིན་ཡོད་ཀྱང། དོན་དུ་ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པས།ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་སྟངས་ལྟ་བུ་བོད་ལ་བྱས་ན་འགྲིག་པ་རེད།”ཅེས་གསུངས་འདུག དེ་ནི་དོན་དངོས་ཤིག་ཡིན་མོད། ཨ་རི་ནས་རང་ཉིད་ཀྱི་ཁས་ཕན་ཁོ་ན་དམིགས་ནས་ཐའེ་ཝན་ལ་རོགས་སྐྱོར་བྱས་པ་ལས་། ཐའེ་ཝན་ལ་རྒྱལ་ཁབ་ཅིག་གི་འདུ་ཤེས་འཛིན་ཏེ་རོགས་སྐྱོར་བྱས་པ་ཞིག་མིན་པར་ང་ཚོས་ངེས་པར་ཏུ་སེམས་ལ་བཟུང་དགོས། གལ་སྲིད་ཐའེ་ཝན་ལ་དོན་དམ་གྱི་རྒྱལ་ཁབ་ཞིག་གི་འདུ་ཤེས་འཛིན་པའི་གནས་བབས་ཡོད་ཚེ་ཐའེ་ཝན་རྒྱལ་ཚོགས་ནས་གནས་དབྱུང་བཏང་མི་དགོས་ལ། དེའི་འཚབ་ཏུ་རྒྱ་ནག་དེ་བས་ཀྱང་འཇོག་དགོས་དོན་མེད། ཨ་རི་ཡིས་ཐའེ་ཝན་ལ་དེ་ལྟར་དམག་སྲུང་གི་རོགས་སྐྱོར་བྱས་པ་ཙམ་གྱིས་ང་ཚོས་ཧང་སངས་དགོས་དོན་མེད་ལ། གལ་སྲིད་བོད་ཀྱི་ད་ལྟའི་ས་བབས་དང་དཔལ་འབྱོར་གནས་སྟངས་དེའང་ཐའེ་ཝན་དང་རིགས་ན། ཨ་རི་ནས་ཀྱང་ང་ཚོ་ལའང་དེ་ལྟར་གྱིས་རོགས་སྐྱོར་བྱེད་ངེས་རེད། འདི་ནི་ཆབ་སྲིད་ཀྱི་འགྲོ་སྟངས་རེད་ལ། དགོས་མཁོ་ཞིག་ཀྱང་རེད། ཨ་རི་ནས་ཀྱང་བོད་ཀྱི་ལོ་རྒྱུས་ཀྱི་འཕོ་གྱུར་ཁྲོད་རོགས་པ་མ་བྱས་པར་མ་རེད། གང་ཐུབ་ཀྱིས་བྱས་ཡོད་པ་རེད་མོད་། འོན་ཀྱང་དེ་ནི་སྐབས་བབས་ཀྱི་དགོས་དམིགས་དང་བསྟུན་ནས་བཟོས་པ་ཡིན་པས། ང་ཚོས་དུས་སྐབས་ཀྱི་ཆབ་སྲིད་གནས་དོན་ལ་གཞིགས་ནས་སྐད་ཆ་བཤད་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་པ་དང་། དོན་དམ་གྱི་གནས་དོན་ཐད་རོགས་པོ་ག་རེ་བྱས་ཡོད་མེད་ཐད་བསམ་བློ་གཙོ་བོར་གཏོང་དགོས་གལ་ཆེ་སྙམ། དེས་ན་ཡང་སྟེང་རིན་པོ་ཆེས་གསུངས་པའི་སྐད་ཆ་དེ་ལ་འགལ་བ་དང་རྒྱུ་མཚན་མེད་པར་མི་མཐོང་།

ལོ་རྒྱུས་ཀྱི་བདེན་དོན་གང་ལ་དང་སུའི་ལོ་རྒྱུས་ལ་ཡིད་ཆེས་བྱེད་རྒྱུ་རེད་དམ།

ཡང་སྟེང་རིན་པོ་ཆེ་ནས་“ཅི་སྟེ་རང་བཙན་རྩོད་ན།  རང་བཙན་གྱི་ཁུངས་ལུང་འདེང་ངེས་དང་དེ་ཡང་ཁྲིམས་ཀྱིས་གཞུང་བསྲངས་ཏེ་རྒྱལ་སྤྱིའི་སྡིངས་ཆར་གསལ་པོར་ཇི་ལྟར་བཟོའམ།རྒྱ་དམག་ཕྱིར་འབུད་ཇི་ལྟར་བྱའམ། རང་བཙན་འཐབ་རྩོད་ལ་སྦྱོར་དངོས་རྗེས་གསུམ་གྱི་འཆར་གཞི་འདེང་རྒྱུ་གང་ཡོད་དམ།”ཞེས་གསུངས་པ་དེའང་ནོར་འཁྲུལ་གྱི་ལྟ་བ་འཛིན་སྟངས་ཤིག་ཡིན་པར་མི་མཐོང་། གང་ཡིན་ལགས་ན། དེང་སང་ལོ་རྒྱུས་ཀྱི་ལྟ་གྲུབ་ལ་གྱུར་བ་འགྲོ་ཟིན་ལ། འཛམ་གླིང་སྒང་ལོ་རྒྱུས་སྨྲ་བ་གྲགས་ཅན་དཔེར་ན་E.H.Carདང་Collingwoodསོགས་ཀྱིས་ལོ་རྒྱུས་ལ་དཔྱད་ཞིབ་རིམ་པར་བྱས་ནས་མཐར་ལོ་རྒྱུས་ལ་སྡོམ་ཚིག་ཅིག་བཀོད་ཡོད་པ་དང་། ཁོང་ཚོས་ལོ་རྒྱུས་ནི་ལོ་རྒྱུས་སྨྲ་བ་དག་གི་དངོས་དོན་འདེམས་གསེས་ཀྱིས་འགྲེལ་བརྗོད་ཇི་ལྟར་རྒྱབ་མིན་འདས་དོན་ཞིག་ཡིན་པ་ལས། དེ་ནི་མཐའ་ཅིག་ཏུ་ལྷུང་བའི་གནས་དོན་ཞིག་མིན་པ་རེད་ཅེས་གསུངས་ཡོད་པ་དང་། ད་དུང་ཁོང་ཚོས་ལོ་རྒྱུས་ཡིག་ཆ་ག་འདྲ་ཞིག་ཡིན་ནའང་ལོ་རྒྱུས་སྨྲ་བ་སོ་སོའི་ལྟ་བ་དང་འདོད་ཕྱོགས་གཙོ་བོར་གཞི་ལ་བཞགས་ནས་བྲིས་པ་ཁོ་ན་ཡིན་པ་ལས། དེ་ཉིད་ཁོ་ན་ལ་ཡིད་ཆེས་བྱེད་དགོས་པ་ཞིག་ཀྱང་མིན་ཞེས་གསུངས་ཡོད། ལོ་རྒྱུས་སྨྲ་བ་གྲགས་ཅན་ཚོས་ང་ཚོས་ལོ་རྒྱུས་ག་རེ་ཀློག་ནའང་ཐོག་མར་ལོ་རྒྱུས་དེ་ཉིད་ཀྱི་རྩོམ་པ་པོ་སུ་ཡིན་པར་ངོས་ཟིན་དགོས་པ་རེད་ཅེས་གསུངས་ཡོད། དེ་ནི་ལོ་རྒྱུས་ཀྱི་དེབ་ཐེག་དེ་ཉིད་ལ་རྒྱུས་ལོན་ཡོང་བའི་འགག་རྕ་དེ་རེད། དཔེར་ན་ཁྲོམ་ལམ་དུ་མོ་ཏྲ་ཞིག་གིས་མི་ཞིག་ལ་བརྡུང་ནས་བསད་པ་ཡིན་ཚུལ་དུ་འཇོག་ན། དངོས་དོན་འདིའི་ཐད་སྐབས་དེ་དུས་ཀྱི་མིག་མཐོང་པང་པོ་དག་ལ་དེའི་སྐོར་ཀྱི་རྩོམ་ཡིག་ཅིག་འབྲི་རུ་འཇུག་ན། མི་ཚང་མས་དོན་དག་དང་རྒྱུད་རིམ་དེ་ཉིད་གཅིག་པ་གཅིག་རྐྱང་ཞིག་འབྲི་རྒྱུ་ཤིན་ཏུ་དཀའ། གང་ཡིན་ལགས་ན། ཁོང་ཚོས་རང་ཉིད་སྐབས་དེ་དུས་ཀྱི་གནས་ཡུལ་དང་གནས་བབས། མཐོང་ཚུལ་དང་ལྟ་སྟངས་སོགས་འདྲ་མིན་ཡོད་པས་རྐྱེན་གྱི་ཁ་ཤས་ནས་འགྲུལ་མི་དེའི་ནོར་འཁྲུལ་ཡིན་པ་འདོད་པ་དང་། ཁ་ཤས་ནས་མོ་ཏྲའི་ཁ་ལོ་བའི་ནོར་འཁྲུལ་ཡིན་པ་འདོད་ནས་བྲིས་པ་དང་། ཡང་ཁ་ཤས་ཀྱིས་དེ་ནི་འགྲུལ་ལམ་བདེ་མིན་གྱི་སྐྱོན་ཡིན་ཚུལ་སོགས་རྩོམ་ཡིག་དེའང་འདྲ་མིན་དུ་གྱུར་ངེས་རེད། འོ་ན་ཁོང་ཚོ་སུས་བྲིས་པ་དེ་འགྲིག་པ་རེད་དམ། སུས་བྲིས་པ་དེ་མ་འགྲིག་པ་རེད་དམ། སུའི་རྩོམ་ལ་ཆགས་འཇོག་གནང་དགོས་ཀྱི་ཡོད་དམ། གནས་དོན་འདི་ཉིད་ཐག་གཅོད་བྱེད་པར་ཤིན་ཏུ་དཀའ་ལས་ཆེ། དཔེ་དེ་བཞིན་གྱིས་རྒྱ་ནག་གི་ལོ་རྒྱུས་སྨྲ་བ་ཚོས་དངོས་དོན་གཅིག་གི་ཐད་ནས་རང་ཉིད་ཀྱི་རྒྱལ་ཁབ་ལ་ཁེ་ཕན་ལྡན་པ་དང་རང་ཉིད་ཀྱི་ལྟ་བ་གཙོ་བཟུང་དང་རང་ཉིད་ལ་མཁོ་བའི་གནས་ལུགས་སོགས་འདེམས་གསེས་ཀྱིས་ལོ་རྒྱུས་ཤིག་བྲིས་ཡོད་པ་དང་། བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་དེ་དེ་བཞིན་གྱི་ལོ་རྒྱུས་ཤིག་བྲིས་ཡོང་གི་ཡོད་པས་སུ་ལ་ཆགས་འཇོག་ཞུ་དགོས་ཀྱིས་ཡོད་དམ། མི་ཁ་ཤས་ཀྱི་དེ་ནི་ལོ་རྒྱུས་གང་ལ་མང་མོས་བྱུང་ན་དེ་ལ་ཆགས་འཇོག་དགོས་ཀྱིས་ཡོད་ཚུལ་འདོད་མོད་། འོན་ཀྱང་བོད་པ་ཚོའི་བོད་ཀྱི་ལོ་རྒྱུས་ལ་ཆགས་འཇོག་བྱས་ངེས་རེད་ལ། རྒྱ་མི་ཚོས་རྒྱ་ནག་གི་ལོ་རྒྱུས་ལ་ཆགས་འཇོག་བྱེད་ངེས་རེད། འདི་ནི་འཇིག་རྟེན་གྱི་ཆོས་ཉིད་རེད། གལ་སྲིད་མི་འབོར་ལ་བསྡུར་ན། རྒྱ་མི་ནི་ང་ཚོ་བོད་པ་ལས་བརྡབ་གྱུར་གྱིས་མང་བས། འོ་ན་ང་ཚོས་རྒྱ་ནག་གི་ལོ་རྒྱུས་ལ་ཆགས་འཇོག་བྱེད་དགོས་ཀྱིས་ཡོད་དམ། རྒྱུ་མཚན་དེ་དག་སྣ་ཚོགས་ལ་བརྟེན་ནས། དེང་སང་ལོ་རྒྱུས་ཀྱི་བདེན་དོན་ལ་ཡིད་ཆེས་ཡོད་མེད་ལས་ལོ་རྒྱུས་གང་ཞིག་གི་བདེན་དོན་ལ་ཡིད་ཆེས་བྱེད་དགོས་མིན་ཀྱང་དཀའ་ལས་ཤིག་ཏུ་ལྷུང་ཡོད་དུས་ལོ་རྒྱུས་ལ་གཙོ་བཟུང་གི་འཐབ་རྩོད་དེ་དག་ནི་སྔར་ས་ནས་མཇུག་སྒྲིལ་ཚར་པ་རེད།

ང་ཚོས་འདས་ཟིན་པའི་མཛེས་སྡུག་གི་ལོ་ཟླ་དེ་ཚོ་སྐྱར་བཟློས་ཀྱིས་ད་ལྟའི་གནས་བབས་ལ་ཐག་གཅོད་བྱེད་པ་ནི་མི་རིགས་སྙམ། ལུང་པ་ཞིག་ལ་རང་ཉིད་ཀྱི་མི་འབོར་དང་ས་འཁྱོན། དངུལ་སྒོར་དང་སྲིད་གཞུང་ཡོད་པ་ཙམ་གྱིས་རྒྱལ་ཁབ་ཅིག་ཡིན་པར་ཁུངས་སྐྱལ་ཐུབ་ཀྱི་མ་རེད། དེ་ལ་གཙོ་བོར་དངོས་ལེན་དགོས་ཀྱིས་རེད། དེང་རབས་ཆབ་སྲིད་ཀྱི་ལྟ་གྲུབ་དང་། རྒྱལ་སྤྱིའི་འབྲེལ་ལམ་གྱི་ལྟ་གྲུབ་ནས་ཀྱང་ངོས་ལེན་ཡོད་མེད་དེ་གཙོ་བོར་བཟུང་གི་ཡོད། ལུང་པ་དང་མི་རིགས་གང་ཞིག་ཡིན་ནའང་སོ་སོ་ལ་དབང་བའི་ཁྱད་ཆོས་དང་གོམས་སྲོལ། རིག་གནས་ཡོད་མཁན་མང་པོ་རེད། གལ་སྲིད་དེ་དག་ཡོད་ཚད་ཀྱི་རང་བཙན་ཡིན་པར་འདོད་ན། འཛམ་གླིང་འདིའི་སྒང་ལ་རང་བཙན་གྱི་རྒྱལ་ཁབ་སྟོང་ཕྲག་དང་ཁྲི་ཕྲག་ཡོད་ངེས་རེད། སྔོན་ཆད་བྱུང་བའི་ལོ་རྒྱུས་ཁོ་ན་དམིགས་ན། ང་ཚོའི་བོད་ནང་ལའང་རྒྱལ་པོ་དཔེ་ན་མདོ་སྟོད་ཁོ་ན་ལའང་མང་པོ་བྱུང་མྱོང་ཡོད་པ་རེད། སྨི་ལི་རྒྱལ་པོ། མི་ཉག་རྒྱལ་པོ། སྡེ་དགེ་རྒྱལ་པོ་སོགས་མང་པོ་བྱུང་མྱོང་ཡོད་ལ། ཁོང་ཚོ་ལའང་སོ་སོ་རང་ཉིད་ལ་དབང་བའི་མཛེས་སྡུག་གི་ལོ་རྒྱུས་རེ་ཡོད་པ་དང་། སོ་སོས་ཀྱང་རྒྱལ་ཕྲན་ཞིག་དང་རང་སྐྱར་འཕེར་བ་ཞིག་ཡིན་ཚོད་འདོད་ཀྱིས་ཡོད། ཡིན་ནའང་སོ་སོས་འདོད་པའི་བྱུང་རིམ་གྱི་ལོ་རྒྱུས་དང་། འདོད་ཚུལ་དེས་ཡོད་ཚད་འཚབ་མཚོན་བྱེད་ཐུབ་བམ། དེས་ཐུབ་ཀྱིས་མེད། མ་གཏོངས་ཁོང་ཚོས་ཀྱང་སླར་ཡང་རྒྱལ་ཕྲན་རྩོད་རྒྱུ་ལོས་ཡོད། དེས་མ་ཚད་འཛམ་གླིང་སྒང་སྔོན་ཆད་སོ་སོ་རང་བཙན་ཡིན་པ་འདོད་ཀྱང་ཕྱིས་སུ་རྒྱལ་ཁབ་གཞན་དང་སྡར་སྒྲིལ་གྱིས་གནས་པའི་རྒྱལ་ཁབ་མང་པོ་ཡོད་པ་དང་། སྔོན་ཆད་ལོ་རྒྱུས་ཐོག་རྒྱལ་ཁབ་གཅིག་ཡིན་ཡང་ཕྱིས་སུ་རྒྱལ་ཁབ་གཉིས་གསུམ་དུ་གྱས་པ་སོགས་གནས་དོན་མང་པོ་ཡོད་པ་རེད། དེ་ཚོ་ཚང་མས་ང་ཚོ་ལ་ལོ་རྒྱུས་ཁོ་ན་ཡིས་དོན་ཕན་འགྲུབ་པའི་ནུས་པ་མི་ཐོན་པ་དང་། དེ་ཉིད་ནི་མཛེས་སྡུག་གི་འདས་དོན་ཙམ་ལས། དོན་དངོས་ཀྱི་གནས་བབས་འཚབ་མཚོན་བྱེད་མི་ཐུབ་པར་ར་སྤྲོད་གསལ་པོ་སྟོན་གྱིས་ཡོད་ལ། ང་ཚོས་ག་དུས་ཡིན་ནའང་སྐབས་བབས་ཀྱི་གནས་སྟངས་གཙོ་བོར་དམིགས་ནས་འཐབ་རྩོད་ཀྱི་ལམ་ཁ་འཚོལ་དགོས་པ་ལས། ལོ་རྒྱུས་ལ་ཁ་གཡར་ཁུངས་སྐྱལ་འཚོལ་བསྡད་པ་ནི་ཕན་མེད་ཀྱི་ལྐུགས་རྟགས་ཤིག་ཡིན་པར་སྟོན་སྙམ།

ང་ཚོར་སྒུག་ཁོམ་ཡོད་དམ།

ཡང་ཁོང་གིས་“འཛམ་གླིང་གི་ལོ་རྒྱུས་ནང་ལོ་སྟོང་ཕྲག་གི་རྗེས་སུ་རང་བཙན་ཐོབ་པའི་ལོ་རྒྱུས་ཡོད་ལ། ང་ཚོའི་གནས་ཡུལ་རྒྱ་གར་གཞུང་ཡང་དབྱིན་ཇིའི་བཙན་གནོན་འོག་ཏུ་ལོ་༢༠༠ལྷག་བསྡད་པ་རེད། དེ་དང་དེ་ལྟ་བུས་མཚོན་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེའི་ལོ་རྒྱུས་ལ་འཕེལ་འགྲིབ་མང་པོ་བྱུང་མྱོང་ཡོད་པ་དང། དཔེར་ན་རྒྱ་ནག་རང་གི་ལོ་རྒྱུས་ལ་བལྟས་ནའང་གནས་སྟངས་འདྲ་མིན་སྣ་ཚོགས་བྱུང་མྱོང་བས། བོད་པ་དབང་བསྒྱུར་བྱེད་པའི་ལོ་རྒྱུས་འདི་ལ་མཇུག་སྡོམ་རྒྱག་མི་ཐུབ་པ་སུས་ཁ་ཚོན་བཅད་ནས་བཤད་ཐུབ།”ཅེས་གསུངས་འདུག། གནས་ལུགས་འདི་བདེན་པ་ཡིན་མོད། འོན་ཀྱང་ང་ཚོར་སྒུག་ཁོམ་ཡོད་དམ། འདས་པའི་ལོ་ངོ་ལྔ་བཅུ་རིང་རྒྱ་ནག་གིས་ང་ཚོ་བོད་འདི་མིང་མེད་དུ་བཟོ་བྱེད་ཆབ་སྲིད་དང་། སྲིད་ཇུས་འདྲ་མིན་སྤེལ་ནས། ད་དེང་ཆར་བོད་མི་ཚོ་རང་ཉིད་ཀྱི་ས་ཆ་ནས་གྲངས་ཉུང་མི་རིགས་སུ་བསྒྱུར་ཡོད་པ་དང་། བོད་ཀྱི་ན་གཞོན་མང་པོ་ཡང་ཧ་ལམ་མིང་ཙམ་གྱི་བོད་རིགས་ཡིན་པ་ལས་དོན་དངོས་ཐོག་རྒྱ་ནག་མི་རིགས་དང་དབྱེ་མེད་དུ་བཟོས་ཡོད་པ་ཁྱེད་དང་ང་ཚོ་ཚང་མས་མཁྱེན་གསལ་རེད། འདི་ལྟ་བུའི་ཛ་དྲག་གི་གནས་སྟངས་འོག་ཏུ། ད་དུང་ང་ཚོས་ལོ་ངོ་བརྒྱ་ཕྲག་མང་པོ་སྒུག་ཁོམ་ཡོད་དམ། གལ་སྲིད་ཁྱེད་ཀྱིས་གསུངས་པ་བཞིན་ལོ་ངོ་བརྒྱ་ཕྲག་མང་པོའི་རྗེས་སུ་ང་ཚོར་རང་བཙན་ཞིག་འཐོབ་པའི་དབང་དུ་གཏང་ནའང་། གལ་སྲིད་བོད་ཀྱི་ངོ་བོ་དེ་ཉིད་མཐོང་མེད་སྔར་ས་ནས་ཡལ་ཚར་ན། རང་བཙན་ཞེས་པའི་མིང་སྐམ་པོ་དེས་ཕན་འདོགས་ཤིག་ག་ལ་འཆིས་སམ། སོ་སོའི་གནས་བབས་ག་རེ་ཡིན་མིན་ལྟ་གལ་ཆེ་པ་དང་། དུས་རྟག་ཏུ་གཞན་གྱིས་ཅི་བྱེད་ལ་བལྟས་པ་ཡིན་ན། དེ་ནི་བོད་ཀྱི་ཁ་དཔེ་ལྟར་སྟག་འཆོང་ས་ལ་ཝ་འཆོང་ནས། མཐར་མཇུག་འབྲས་ཇི་ལྟར་ཡོང་པར་གསལ་པོ་རེད། གལ་སྲིད་རང་བཙན་འཐོབ་པར་སྦྱོར་དངོས་རྗེས་གསུམ་གྱི་འཆར་གཞི་དང་ཐབས་ལམ་ནི་ཁོང་གིས་གསུངས་པར་བཞིན་ངང་སྒུག་དང་རྒྱ་ནག་གི་ཆབ་སྲིད་གྱུར་བ་མ་འགྲོ་བར་རེ་བ་བཅངས་པ་ནི་རྒྱ་ནག་གི་གནའ་གཏམ་ནང་སྡོམ་པོར་སྲུང་ནས་རི་བོང་སྒུག་པ་དང་གཉིས་སུ་མ་འདས་སྙམ།

མི་རིགས་ཀྱི་འཐབ་རྩོད་ག་འདྲ་ཞིག་ཡིན་ནའང་། དེ་ནི་གཙོ་བོར་མི་རིགས་དེ་ཉིད་ཀྱི་བདེ་སྐྱིད་དང་ཁེ་ཕན་ལ་དམིགས་པའི་འཐབ་རྩོད་ཅིག་ཡིན་དགོས་པ་ནི་སུ་ལའང་སོམ་ཉི་མེད། གལ་སྲིད་སོ་སོའི་འཐབ་རྩོད་ཀྱི་དམིགས་འབེན་དེ་ཉིད་འགྲུབ་སོང་ན། དེ་ག་རང་གིས་འགྲིག་པ་རེད། ཨ་རིའི་མངའ་སྡེ་དཔེར་ན་California,Vermont,Texas,Hawaiiསོགས་ཀྱང་སྔོན་ཆད་རང་བཙན་ཡིན་པར་འདོད་ཀྱིས་ཡོད་ལ། ཁོང་ཚོ་ལའང་སོ་སོ་རང་ཉིད་ལ་དབང་བའི་རང་བཙན་གྱི་ལོ་རྒྱུས་མཚར་སྡུག་འོད་སྟོང་འབར་བ་ཞིག་ཡོད་མྱོང་ཡོད་པ་རེད་མོད། འོན་ཀྱང་ཕྱིས་སུ་སོ་སོའི་ཁེ་ཕན་དང་དགོས་དབང་ལ་བསྟུན་ནས་ཨ་རིའི་རྒྱལ་ཁབ་ཀྱི་མངའ་སྡེའི་ཚུལ་དུ་བསྡད་པ་རེད།

རིག་གནས་མེད་གྱུར་ན་རང་དབང་ཡོད་ཀྱང་དོན་སྙིང་ལྡན་ནམ།

ཁོང་གིས་རང་དབང་མེད་ན་རིག་གནས་ཇི་ལྟར་སྲུང་སྐྱོབ་བྱེད་ཅེས་གསུངས་འདུག་མོད། ངས་ཀྱང་ཁོང་ལ་གལ་སྲིད་རིག་གནས་མེད་གྱུར་ན་རང་དབང་ཡོད་ཀྱང་དོན་སྙིང་ལྡན་ནམ་ཞེས་དྲི་བ་འི་འདྲི་འདོད་བྱུང་། ཁོང་གིས་བོད་མི་རིགས་ཀྱི་དགོས་མཁོ་དེ་རྒྱ་ནག་ལྟ་བུ་མི་འབོར་མང་ཞིང་སྟོབས་འབྱོར་ཆེ་བ།ངོ་ཚ་ཁྲེལ་གཞུང་མེད་པ་ཞིག་གི་དབང་བསྒྱུར་འོག་ཏུ་གནས་རྒྱུ་དེ་མ་ཡིན་ཞེས་པ་འདི་བདེན་པ་རེད། འདི་ཉིད་བདེན་པ་ཡིན་པར་རྟོགས་ཙང་ང་ཚོའི་ཆེས་ངོམས་སུ་འོས་པའི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས། ལེགས་བྱང་དང་སྐད་ཡིག་སོགས་མ་བརླགས་རྒྱུན་འཛིན་བྱེད་པའི་ཐབས་ལམ་དབུ་མའི་ལམ་ཞེས་པ་དེ་བཙལ་པ་དང་། དེ་ཉིད་དོན་འཁྱོལ་ཡོང་པར་ཐབས་ཤེས་བྱེད་ཀྱིན་ཡོད། གལ་སྲིད་ནམ་ཞིག་ང་ཚོའི་ཆོས་དང་རིག་གཞུང་། ལེགས་བྱང་དང་སྐད་ཡིག་སོགས་མེད་པ་གྱུར་སོང་ན། དུས་དེ་ནས་བཟུང་ང་ཚོའི་ངོ་བོ་དེ་བརླགས་ཚར་པ་རེད་ལ། རང་བཙན་འདྲ་འཐོབ་ནའང་ས་པཎ་མཆོག་ནས་བརྒྱན་ལས་བཟོས་པའི་མེ་ཏོག་དེ། ཤིན་ཏུ་མཚར་ཡང་དྲི་ཞིམ་དབེན་ཞེས་གསུངས་པ་དང་གཉིས་སུ་མེད་པར་གྱུར་ངེས། ང་ཚོ་བོད་མི་རིགས་ལ་བདེན་དོན་ཡོད་ན་ཕན་གྱི་མ་རེད། དེ་ལ་གཙོ་བོར་རྒྱབ་སྐྱོར་དང་ངོས་ལེན་དགོས་ཀྱིས་རེད། གལ་སྲིད་དེ་ལ་རྒྱབ་སྐྱོར་དང་ངོས་ལེན་མེད་སོང་ན། དེ་ནི་རྟོགས་སྒྲུང་ཞིག་དང་གཉིས་སུ་མེད་ལ། ནམ་ཡང་དངོས་སྟོབས་བདེན་འཚོལ་གྱི་ལམ་དུ་བཞུད་ཐུབ་ཀྱི་མ་རེད།

ཁོང་གིས་གསུངས་སྟངས་ལ་གཞི་ན་ལོ་ངོ་༤༠དེ་ཐུང་ཐུང་རེད་འདུག་ཨཱ།

ཡང་སྟེང་རིན་པོ་ཆེས་ང་ཚོས་ཉིན་གཅིག་ཀྱང་འགྱང་ཐབས་མེད་པ་ནི་དངོས་དོན་རེད། ཛ་དྲག་གི་གནས་སྟངས་འདི་ལ་ལྷ་སྨོན་པས་གསུངས་པ་ནང་བཞིན་ལོ་ངོ་བརྒྱ་ཕྲག་མང་པོར་སྒུག་ཐབས་རྩ་བ་ནས་མེད་པ་རེད། གལ་སྲིད་ལོ་ངོ་བརྒྱ་ཕྲག་མང་པོ་དང་རྒྱ་ནག་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་སྒྲོམ་གཞི་ལ་གྱུར་བ་མ་འགྲོ་བར་སྒུག་ཏེ་རེ་བ་བཅངས་པ་ནི། བྱ་ཁུ་བྱུག་གི་གནམ་ཆུ་སྒུག་པ་དང་མཚུངས་འདྲ་རེད། དེ་ལ་བློས་གཏོང་དང་ཉེན་ཁ་ཆེས་ཆེ་ལྡན་པས་ང་ཚོའི་གདེང་ཚོད་མེད་པའི་ལས་ཀ་ནི་དེ་བས་ཀྱང་ལས་ག་ལ་རུང་། ལོ་ངོ་༤༠ནི་ལོ་ངོ་བརྒྱ་ཕྲག་མང་པོར་རེ་སྒུག་བྱེད་རྒྱུ་དང་བསྡུར་ན་ཉུང་ཉུང་མ་རེད་དམ།

འཛམ་གླིང་གི་འགྱུར་ལྡོག་ལས་རང་བཙན་ལ་རེ་བ་བཅངས་པ་ནི་ལྐུགས་རྟགས་རེད།

རེད། འཛམ་གླིང་ནང་འགྱུར་ལྡོག་མང་པོ་འགྲོ་བཞིན་ཡོད་པ་དངོས་ཡོད་རེད། ནམ་ཞིག་རྒྱ་ནག་ཀྱང་འགྱུར་ལྡོག་འདི་དག་ལ་བརྟེན་ནས་འགྱུར་ལྡོག་ཅིག་འགྲོ་མི་སྲིད་པའང་མ་རེད་མོད། མི་མང་པོ་ཞིག་གིས་གལ་སྲིད་རྒྱ་ནག་མང་གཙོར་འགྱུར་ན་བོད་ཀྱི་རང་བཙན་ལ་རེ་བ་ཡོད་ཚུལ་འདོད་མོད། དེ་ནི་རྒྱ་ནག་མི་དམངས་ཀྱི་སེམས་ཁམས་མ་རྟོགས་པ་ཡིན་པ་ལས། དོན་དངོས་ཀྱི་རྒྱུ་མཚན་གཞན་ཞིག་མེད་པ་རེད། རྒྱ་ནག་མི་དམངས་ནས་སོ་སོའི་གཞུང་གི་ཆབ་སྲིད་ལམ་ཕྱོགས་དང་སྒྲོམ་གཞི་ལ་མ་རངས་པའི་བསམ་ཚུལ་ཡོད་ནའང་། ཁོང་ཚོའི་སེམས་ཁུངས་རུས་པའི་གཏིང་ནས་རྒྱ་ནག་ཁྱིམ་ཚང་ཆེན་པོའི་འདུ་ཤེས་དེ་དུས་ནམ་ཡང་ཡོད་བསྡད་པ་ཞིག་རེད། གལ་སྲིད་རྒྱ་ནག་མང་གཙོར་འགྱུར་ནའང་འོས་བསྡུར་གྱིས་ལམ་ནས་སོ་སོའི་ཁྱབ་ཁོངས་དང་ཆབ་སྲིད་སོགས་གཏན་འབེབས་བྱེད་དགོས་ཀྱིས་རེད། ཁྱེད་ཀྱིས་རྒྱ་ནག་མི་དམངས་ནས་བོད་དང་སོག་པོ། ཤར་རི་ཀི་སི་ཐན་སོགས་ལ་མང་མོས་ཀྱིས་རང་བཙན་སྤྲད་རྒྱུ་ཡིན་པ་འདོད་དམ། གལ་སྲིད་དེ་ལྟར་འདོད་ན་དེ་ནི་བྱིས་པའི་ལོ་གསུམ་གྱིས་སྣང་བ་དང་གཉིས་སུ་མེད་སྙམ།

ཁོང་གིས་ད་དུང་ད་དུང་ཡང་སྟེང་རིན་པོ་ཆེ་ནས་རྒྱ་རིགས་ཤེས་ཡོན་ཅན་ཁྲི་ཚོ་མང་པོས་བོད་དོན་ལ་རྒྱབ་སྐྱོར་ཡོད་ཚུལ་གསུངས་འདུག་ཀྱང། ང་ཚོས་བོད་དོན་ལ་རྒྱབ་སྐྱོར་མཚོན་པའི་རྩོམ་ཡིག་གི་གྲངས་ཀ་བགྲང་ནས་དེ་ཙམ་གྱིས་ཡིད་མགུ་མི་འོས་པར་ཞེས་གསུངས་འདུག་ལ། བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གྲངས་འབོར་དེ་ཉིད་རྒྱ་རིགས་ཤེས་ཡོན་ཅན་དང་། རྩོམ་པ་པོ་ཁ་ཤས་ཀྱིས་འཚབ་མཚོན་བྱེད་ཐུབ་ཀྱི་མ་རེད་སྙམ། དེ་ནི་རྒྱ་ཆེན་རྒྱ་ནག་མི་རིགས་ལ་གཞི་ནས་གསུངས་དགོས་པ་ཞིག་རེད། ང་ཚོའི་བོད་པའི་ནང་ལའང་རྩོམ་ཡིག་འབྲི་ཤེས་མཁན་ཤིན་ཏུ་ཉུང་པ་དང་། ཤེས་ཡོན་ཅན་ཀྱང་དེ་བས་ཉུང་ཉུང་རེད། གལ་སྲིད་༧གོང་ས་མཆོག་ལ་མཚན་སྨོད་བྱེད་པའི་རྩོམ་ཡིག་སྤེལ་མཁན་མང་སོང་ན། རྒྱ་ཆེན་བོད་རིགས་སྤུན་ཟླ་ཚོའང་༧ཁོང་ལ་མ་རངས་པ་ཡིན་ནམ། དེ་མ་རེད་བ།

ཚེ་སྲོག་གི་འབོད་སྒྲ་ནས་མང་མོས་དེ་རྩིས་ལོས་དགོས།

ཁོང་གིས་ ་“ད་བར་བོད་ནང་དུ་རྒྱལ་གཅེས་དཔའ་བོ་༥༢ ཀྱིས་རང་ལུས་མེར་སྲེག་བཏང་ཡོད་པའི་ནང་ནས་འདའ་ཁའི་ཞལ་ཆེམས་སམ་འབོད་སྒྲ་དེ་༢༥ ལས་ལག་སོན་བྱུང་མེད་པ་དང། ཞལ་ཆེམས་དེ་དག་གི་ནང་དུ་སུམ་ཆ་གཅིག་ཙམ་གྱིས་རང་བཙན་གྱི་འབོད་སྒྲ་བསྒྲགས་ནས་སྐུ་གཤེགས་པ་རེད”ཅེས་གསུངས་འདུག དེ་ནི་བདེན་པ་རེད་ལ། ཁོང་གིས་ཀྱང་ཉམས་ཞིབ་ལེགས་པོ་གནང་འདུག་མོད། འོན་ཀྱང་དེ་ཚོ་ནས་སུམ་ཆ་གཉིས་ཀྱིས་དབུ་མའི་ལམ་གྱི་དགོངས་པར་རྒྱབ་སྐྱོར་བྱས་ཡོད་པ་རེད། འོ་ན་ང་ཚོས་ཁོང་ཚོ་ནང་ནས་མང་མོས་ཀྱི་འདོད་དགོངས་ལ་བརྩི་མི་དགོས་སམ།

ཡང་སྟེང་རིན་པོ་ཆེས་ཀྲུང་དབྱང་ཞེས་པའི་ཚིག་དེ་ཡང་ཡང་བེད་སྤྱོད་གནང་པར་ག་རེ་སྐྱོན་ཡོད་དམ། དེང་སང་འཛམ་གླིང་ཡུལ་གྲུ་མང་པོས་གསར་གྱུར་རྒྱུད་ལམ་ཁག་ཏུ་CenterTibetAdministarationབེད་སྤྱོད་གཏོང་གི་ཡོད། འོ་ན་ཁྱེད་ཀྱིས་གསུངས་པ་གཞི་ན་ཁོང་ཚོས་ཀྱང་ཁོང་ཚོའི་བོད་པའི་ས་གནས་གཞུང་ཞིག་ཡིན་ཚུལ་འདོད་ཀྱི་ཡོད་དམ།  དེ་ལྟར་དགོངས་ན་ལྐུགས་པ་རང་རྟགས་སྟོན་པ་མ་རེད་དམ། བྱས་ཙང་ང་ཚོས་གནས་དོན་ག་རེ་ཡིན་ནའང་ཕྱོགས་ཡོངས་ནས་ཐུགས་བསམ་བཞེས་དགོས་པ་ལས། སོ་སོའི་ལྟ་སྟངས་དེ་གཙོ་བོ་བཟུང་ནས་མཁྲེགས་འཛིན་བྱེད་ན་མི་འགྲིག་སྙམ།

དྲ་གྲོགས་ལྷ་སྨོན་པ་ལགས། གོང་གསལ་ནི་ངའི་བསམ་ཚུལ་ཙམ་ཡིན། གལ་སྲིད་ཚིག་དང་དོན་གྱིས་ཁྱེད་ལ་ཕོག་གཏུག་འདྲ་བྱུང་སོང་ན་དགོངས་པ་མ་འཚོམ་རོགས། ཁྱེད་ཀྱིས་རྩོམ་ཡིག་ཡག་པོ་བྲིས་འདུག་པས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ