༄༅།།ཤམ་བྷ་ལར་ལྟས་པའི་འཆར་སྣང་།

 ༄༅།།ཤམ་བྷ་ལར་ལྟས་པའི་འཆར་སྣང་། དེ་རིང་ངས་གནམ་གྱི་ཀ་བ་ལྟབུ་མཐོ་ཤིང་རྗེས་ཉམས་ལྡན་པའི་དྭངས་གཙང་གི་གངས་རི་མཐོན་པོ་ཞིག་གི་ཐོག་དུ་སོང་ནས་། དྲི་མ་བྲལ་བའི་རྒྱང་ཤིལ་ཞིག་གིས་ཤམ་བྷ་ལའི་ངོ་གདོང་ལ་ལེགས་པར་ལྟས། གཤེགས་ཟིན་པའི་ཤམ་བྷ་ལའི་མེས་པོ་དག་གིས་བཞེངས་པའི་ཁྲག་དང་མིང་ཆུའི་རྡོ་རིང་ལ་ལྟ་སྐབས་། ཤམ་བྷ་ལ་ནི་ཆེས་སྔ་མོ་ཞིག་ནས་ད་བར་སྲོལ་རྒྱུན་གྱི་འབྲུ་རིགས་སྣ་ལྔ་ལ་ཚན་རྩལ་གྱི་འཆར་ཆར་ཆུ་བབས་ནས་གསར་བཏོད་ཀྱི་མེ་ཏོག་ལ་བཅུད་ལྡམ་གྱི་འབྲས་བཟང་སྨིན་ཡོད་པས་རྟོགས་སད་ཀྱི་སྐྱི་བོ་གང་མང་ཞིག་གིས་སྟོད་པའི་མེ་ཏོག་ཐོར་ཡུལ་ཉག་གཅིག་དང་།ལྷ་ཡུལ་ལས་ཀྱང་ཁྱད་དུ་འཕགས་པའི་མདེས་སྡུག་གི་གཞིང་ཁམས་ཞིག་ཡིན་ཟེར་།

ཡང་འགའ་ཞིག་གིས་བཤད་ན་ཤམ་བྷ་ལ་ནི་གནའ་རབས་ཀྱི་འབྲུ་རིགས་སྣ་ལྔ་ལ་ཚན་རྩལ་གྱི་ཆར་ཆུ་བབས་མ་མྱོང་ལ་གསར་བཏོད་ཀྱི་མེ་ཏོག་དང་བཅུད་ལྡན་གྱི་འབྲས་བཟང་སོགས་གང་ཡང་མེད་། སྐབས་སྐབས་སུ་ལྗང་མདོང་གི་ཉག་མ་རེ་ཟུང་ཡོད་ཀྱང་། བྱམས་བརྩེ་བྲལ་བའི་སེར་བ་དྲག་ཏུ་བབས་ནས་ཉག་མ་ཡོད་ཚད་སེར་བས་བརྡུང་སོང་བས་། ཤམ་བྷ་ལའི་བསོད་ནམས་པ་ཡོད་ཚད་དམྱལ་ཁམས་ཀྱི་ཇེ་ཐང་ལྟ་བུ་ཤམ་བྷ་ལའི་རི་འདབས་སུ་ཡི་དྭགས་བཞིན་བཀྲིས་སྐོམ་གྱི་མནར་ནས་ཡོད་ཟེར་། སྐད་ཆ་དེ་དག་ནི་ནམ་ནམ་ཞར་ཞར་དུ་ངའི་ངའི་རྣ་བའི་བུ་ཁ་རུ་འབྲུག་སྒྲ་བཞིན་གྲགས་ཀྱིན་ཡོད་པས་། ཤམ་བྷ་ལར་ལྟ་འདོས་ཀྱི་མདུན་པ་ལྷག་དུ་འཕེལ། དེ་རིང་དངོས་སུ་ཤམ་བྷ་ལར་ལྟ་བའི་སྐལ་བཟང་ཐོབ་པས་ངའི་མགོ་སྤྱི་བོ་ནས་རྐང་ཐེལ་བར་དགའ་བདེའི་འཚོར་བས་ཡོངས་སུ་འཁྱབས། འོན་ཀྱང་དེ་རིང་གི་ཤན་བྷ་ལ་ནི་རྣམ་ཤེས་བྲལ་བའི་བེམ་རོ་ཞིག་དང་འདྲ་བར་གོ་མེས་ཚོར་མེད་དུ་གནས་འདུག་ལ་། སོད་ནམས་པ་ཡོད་ཚད་ཆེས་ཐག་རིང་ཞིག་ན་དག་བཞིང་ག་གེལ་མོ་ཞིག་ཡོད་པ་དེའི་ནང་དུ་སུ་ཀྱང་མི་ཐུབ་པའི་དཔའ་རྒོད་ཞིག་ཡོད་པར་གྲགས་པ་དེར་རེ་སྒུང་བྱེད་བཞིན་འདུག དེ་ལྟར་གྲངས་ཆ་ལྔ་བཅུ་སོང་ཟེར་། ལོ་ཟླ་འདི་དག་གི་ནང་དུ་ཤམ་བྷ་ལའི་བསོད་ནམས་པ་ཡོད་ཚད་འབྲུ་རིགས་སྣ་ལྔའི་འབྲས་བཟང་ལ་རེ་བཞིན་སེར་བས་བརྡུང་པའི་ཉག་མ་ཇི་བཞིན་གསོལ་བ་ཁྲི་ཕྲག་དང་སྨོན་ལམ་འབུམ་ཕྲག་གི་ཀློང་ཡངས་སུ་བདེ་བར་གཟིམས། དེ་རིང་གི་ཤམ་བྷ་ལ་ནི་འབྲུ་རིགས་སྣ་ལྔའི་རྒྱན་གྱིས་མ་རྒྱན་པས་འཇིག་རྟེན་གྱི་སྐྱི་བུ་སུ་ཞིག་གི་ཡིད་དབང་འཕྲོགས་མི་སྲིད་ལ་སྟོད་པའོ་མེ་ཏོག་ཐོར་མི་སྲིད་། ལྷག་པར་དུ་རང་གི་སྤྱི་བོར་ལྷུང་པའི་དཀའ་སྡུག་ལ་རང་གིས་གདོང་ལེན་མ་བྱས་པར་ནམ་ཡང་མངོན་པ་མེད་པའི་གཏམ་རྒྱུས་ནང་གི་དཔའ་རྒོད་གང་མང་ཞིག་ལ་ཡིད་ཚེས་དང་རེ་བས་ཁེངས་ཏེ་གནས་། འདི་དག་ལ་བསམ་ཚེ་མ་འོངས་པའི་ཤམ་བྷ་ལ་ནི་འབྲུ་རིགས་སྣ་ལྔའི་འབྲས་བཟང་གིས་སྟོང་པའི་མཛོད་ཁང་སྟོང་པ་ཞིག་དང་། དུས་བཞིར་ལྗང་མདོག་མེད་པའི་སྡོང་པོ་སྐམ་པོ་ཞིག་ཡང་ན་རྣམས་ཤེས་བྲལ་བའི་བེམ་རོ་ཞིག་ལས་གཞན་ཅི་ཡང་མི་སྲིད་སྙམ་།།།།