༄༅།།གཡོ་མེད་ཀྱི་རྡོ་རིང་།

༄༅།།གཡོ་མེད་ཀྱི་རྡོ་རིང་།
སྒང་པའི་ཚོགས་ཀྱིས་རྒྱ་ལ་རྒོལ་བའི་དུས་།
མེས་པོའི་མཛད་འཕྲིན་སྐྱར་དྲན་བྱེད་པའི་དུས་།
ཡུན་རིང་བཀག་པའི་བདེན་ཆུ་ཤོར་བའི་དུས་།
གང་པའི་སེམས་སུ་སྟོང་ལོའི་རྡོ་རིང་བཙུགས་།

ཆོལ་ག་གསུམ་དུ་བདེན་སྒྲ་གྲགས་པའི་དུས་།
ཉིས་མེད་གངས་ཕྲུག་སྨྲ་ལྕེ་དྲིགས་པའ་དུས་།
ན་གཞོན་མང་པོ་དྭ་ཕྲུག་ལུས་པའི་དུས་།
གངས་པའི་སེམས་སུ་སྟོང་ལོའི་རྡོ་རིང་བཙུགས་།

བཚན་པའི་རྡོ་རིང་མགོ་ནས་ཀློག་པའི་ིདུས་།
གསར་སྐྱིས་མེ་ཏོང་འདའ་མ་རྒྱས་པའི་དུས་།
བོད་པའི་མཚན་གྱིས་གོ་ལ་ཁེངས་པའི་དུས་།
གངས་པའི་སེམས་སུ་སྟོང་ལོའི་རྡོ་རིང་བཙུགས་།

ཞི་བདེའི་དཔོན་གྱིས་ལམ་སྟོན་བྱེད་པའི་དུས་
ཟུར་གནས་ཚོགས་ཀྱིས་དཔང་པོ་བྱེད་པའི་དུས་།
གངས་སེང་དར་ཆས་གོ་ལ་བསྐོར་བའི་དུས་།
གངས་པའི་སེམས་སུ་སྟོང་ལོའི་རྡོ་རིང་བཙུགས་།

རྟོག་སད་ཀུན་གྱིས་བོད་དོན་གླེང་བའི་དུས་།
རིགས་གཅིག་ཀུན་གྱིས་ངུ་སྒྲ་བསྒྲོགས་པའི་དུས་།
ཤ་ཁྲག་གཉིས་ཀྱིས་འགྲོ་སོང་བཏང་བའི་དུས་།
གངས་པའི་སེམས་སུ་སྟོང་ལོའི་རྡོ་རིང་བཙུགས་།

དམར་སེར་ཚོགས་ཀྱིས་ལམ་སྣེ་ཁྲིད་པའི་དུས་།
ན་ཟླ་ཀུན་གྱིས་རྗེས་སུ་འཇུགས་པའི་དུས་།
མདའ་རྩེ་གནོན་པོ་སྙིང་ལ་བཙུགས་པའི་དུས་།
གངས་པའི་སེམས་སུ་སྟོང་ལོའི་རྡོ་རིང་བཙུགས་།

གདན་ས་ཆེན་པོ་གྲྭ་པས་སྟོང་པའི་དུས་།
ཁྱིམ་ཚང་གྲོ་མོ་ཕ་མས་སྟོངས་པའི་དུས་།
དབོན་ཞང་གཉིས་ཀྱི་དབྱེ་འབྱེད་ཤེས་པའི་དུས་།
གངས་པའི་སེམས་སུ་སྟོང་ལོའི་རྡོ་རིང་བཙུགས་།

བླ་མའི་མཚན་གྱིས་གོ་ལ་གཡོ་བའི་དུས་།
གཞི་བྱེས་གཉིས་ཀྱིས་ལགས་ཟུངས་འབྲེལ་བའི་དུས་།
རང་བཙན་སྐད་གྱིས་གྲངས་ཆ་ཐོས་པའི་དུས་།
གངས་པའི་སེམས་སུ་སྟོང་ལོའི་རྡོ་རིང་བཙུགས་།

རྒྱུ་ཡོད་ཀུན་གྱིས་རྒྱུ་དངོས་བཏང་བའི་དུས་།
དུས་ཡོད་ཀུན་གྱིས་དུས་ཚོད་བཏང་བའི་དུས་
མི་ཡོད་ཀུན་གྱིས་མི་ཚོགས་བཏང་བའི་དུས་།
གངས་པའི་སེམས་སུ་སྟོང་ལོའི་རྡོ་རིང་བཙུགས་།
ཅིས་པ་འདི་ནི་བུམ་མང་དགོན་པ་ནས་བོད་མི་རིགས་ཀྱི་སྙིང་སྟོབས་ལ་སྟོད་ཕྱིར་བྲིས་པ་ཡིན་།།།།།།།།།།